ངོ་འཕྲད་བདེ་བའི་དྲ་འབྲེལ།

ཤེ་ཁྲེན་བླ་མས་སློབ་མ་ཚོར་ཆགས་སྤྱོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་པེ་ཅིང་ལོན་ཆཱན་དགོན་པའི་དགོན་བདག་བླ་མ་ཤེ་ཁྲེན་གྱིས་རང་གི་རྗེས་འཇུག་སློབ་མ་བུ་མོ་ཚོར་ཆགས་སྲེད་དང་འཁྲིག་སྤྱོད་ཀྱི་སུན་གཙེར་བྱས་པ་དགོན་པའི་གྲྭ་བ་གཉིས་ཀྱིས་ཞུ་གཏུག་བྱས་ཤིང་། ད་ལྟ་རྒྱ་ནག་གི་ཆོས་ལུགས་ལས་དོན་ལྷན་ཁང་གིས་རྟོག་ཞིབ་བྱེད་བཞིན་ཡོད་ཅེས་བརྗོད་འདུག

སྤྱི་ཟླ་༨་ཚེས་༡་ཉིན་རྒྱ་ནག་གི་དྲ་ལམ་ཁག་ཏུ་མིང་དངོས་དུ་བཏོན་པའི་པེ་ཅིང་ལོན་ཆཱན་དགོན་པའི་རྒྱ་ནག་གི་ནང་བའི་གྲྭ་བ་ཏུ་ཆི་ཞིན་དང་ལིའུ་ཞིན་ཅེན་གཉིས་ཀྱིས་དགོན་པའི་དགོན་བདག་དང་རྒྱ་ནག་ནང་བསྟན་མཐུན་ཚོགསཀྱི་ཚོགས་གཙོ་ཤེ་ཁྲེན་གྱིས་རང་གི་རྗེས་འཇུག་སློབ་གཉེར་བ་བུ་མོ་ཚོར་ཆགས་སྤྱོད་བྱེད་དུ་འཇུག་དགོས་ཞེས་འདུན་པ་བཏོན་པའི་འཕྲིན་ཐུང་ཞིག་བསྐུར་པ་དང་སློབ་མའི་བསམ་བློར་ཚོད་འཛིན་བྱེད་པ། གསང་སྔགས་ཉམས་ལེན་གྱི་དགོས་འདུན་བཏོན་པ་བཅས་ཀྱིས་རྗེས་འཇུག་སློབ་མ་ཚོའི་ལུས་སེམས་གཉིས་ལ་དཀའ་ངལ་བཟོས་པའི་འགྲེལ་བརྗོད་བྱས་པ་འཁོད་པའི་ཡིག་ཆ་ཤོག་གྲངས་༩༥་ཅན་ཞིག་བྲིས་ནས་རྒྱ་ནག་གི་དྲ་ལམ་དུ་བཀྲམ། ཡིག་ཆ་དེར་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོས་རང་གི་རྗེས་འཇུག་སློབ་གཉེར་བ་བུ་མོ ཚོར་འཕྲིན་ཐུང་ཞིག་བསྐུར་པའི་པར་དང་གཞན་ཡང་གནོད་ཐེབས་བུ་མོ་ཚོས་འགྲེལ་བརྗོད་བྱས་པའི་སྐད་ཆ་རྣམས་ཡིག་ཐོག་ཏུ་བཀོད་པ་བཅས་བསྡུ་སྒྲིག་བྱས་འདུག

འདི་ནི་རྒྱ་ནག་ཆོས་ལུགས་ལས་དོན་ལྷན་ཁང་ལ་ཕུལ་བའི་ཞུ་གཏུག་གི་ཡི་གེ་ཞིག་ཡིན་པར་མ་ཟད། རྒྱ་ནག་གི་ཝི་པོ་དྲ་ཚིགས་སུ་མི་ཚོས་གླེང་སློང་དང་ཚ་ཚ་འུ་འུར་དུ་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་ཞིག་ཡིན་རུང་ཆུ་ཚོད་གཉིས་ལས་མ་འགོར་བར་ཤོག་གྲངས་༩༥་ཅན་གྱི་ཞུ་གཏུགས་ཡི་གེ་རྒྱ་ནག་གི་དྲ་ལམ་ཁག་ཏུ་ནག་གསུབ་ཀྱིས་གཙང་སེལ་བྱས་ཡོད་པ་རེད།

ད་ཐེངས་ཀྱི་གནས་ཚུལ་འདི་ཕྱིར་བསྒྲགས་བྱུང་སྟེ་ཉིན་གཅིག་གི་རྗེས་ཏེ། ཕྱི་ཚེས་༢་ཉིན་རྒྱ་ནག་དབུས་གཞུང་གི་རྒྱལ་ཁབ་ཆོས་ལུགས་ལས་དོན་ལྷན་ཁང་ཞེས་པའི་དྲ་ངོས་སུ་ཞུ་གཏུག་པ་གཉིས་ཀྱིས་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོས་འདོད་སྲེད་བསྟན་ནས་སུན་གཙེར་བྱས་པའི་ཞུ་གཏུག་ཡི་གེ་འབྱོར་བྱུང་། ལྷན་ཁང་འདིས་གནས་ཚུལ་དེ་ཆེས་ཚབས་ཆེན་གྱི་གནད་དོན་ཞིག་ལ་བརྩིས་ནས་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན་ཞེས་ཡིག་འབྲུ་ཉུང་ཤས་ཤིག་གསལ་བསྒྲགས་སྤེལ་འདུག ད་དུང་ལོན་ཆཱན་དགོན་པའི་ངོས་ནས་ཀྱང་ཚེས་༢་ཉིན་དགོན་པ་དེའི་གྲྭ་བ་གཉིས་ཀྱིས་ཞུ་གཏུག་ཡི་གེ་དེའི་ནང་དོན་རྣམས་རྫུན་སྒྲིག་ཡིན་པ་དང་རྫུན་སྒྲིག་བྱ་དགོས་པའི་དམིགས་ཡུལ་ཡོད། རྒྱབ་ལྗོངས་རྙོག་འཛིང་ཆེ་བས་དགོན་པ་དང་དགོན་པའི་བླ་མ་གཉིས་ཀྱི་མཚན་གནས་ལ་ནག་ཐིག་ཕབ་སོང་ཞེས་འབྲེལ་ཡོད་ཀྱི་ཁྲིམས་འཛིན་ལས་སྣེ་ཁག་གིས་གྱོད་དོན་འདིར་རྟོག་ཞིབ་བྱ་དགོས་ཞེས་གསལ་བསྒྲགས་སྤེལ་འདུག

རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བླ་མ་ཤེ་ཁྲེན་ནི་རྒྱ་ནག་གི་ཆེས་མཐོའི་གཞུང་འབྲེལ་ཆོས་ལུགས་མི་སྣ་ཞིག་ཡིན་ཞིང་། ཁོང་གི་བྱ་སྤྱོད་ཐེར་འདོན་གྱི་ཞུ་གཏུག་ཡི་གེ་དེ་ཐོག་མར་དྲ་མང་དུ་གླེང་སློང་བྱེད་བཞིན་པའི་སྐབས་སུ་ཁོང་གིས་ཝི་པོ་དྲ་ངོས་སུ་རྒྱ་ནག་གི་དེང་རབས་ནང་ཆོས་ཀྱིས་སྤྱི་ཚོགས་ལ་འགན་འཁྲི་ལེན་བཞིན་ཡོད་ཅེས་གནས་ཚུལ་འགྲེམ་སྤེལ་བྱེད་ཡོད་པ་རེད། ཁོང་གིས་རྒྱུན་དུ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་བསྟུན་པའི་ཆོས་ལུགས་བདག་ཉར་དང་ཁྱབ་སྤེལ་བྱ་རྒྱུ་ནི་མཆོག་ཏུ་གྱུར་བའི་ལམ་ཀ་ཞིག་ཡིན། ཏང་གི་དགོངས་དོན་དང་མཐུན་པའི་ཆོས་ལུགས་ཁྱབ་སྤེལ་བྱ་དགོས་ལ་སོགས་པའི་གཏམ་བཤད་རབ་དང་རིམ་པ་ཞིག་སྤེལ་ཏེ་རྒྱ་ནག་གི་དྲ་མང་ཚོས་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཤེ་ཁྲེན་ལ་དམར་པོའི་བླ་མ་ཞེས་འབོད།

ཡང་ཐེངས་འདིའི་རྒྱ་ནག་གི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོས་སྤྱོད་ངན་ཐེར་འདོན་གྱི་ཞུ་གཏུག་ཡི་གེ་ཤོག་གྲངས་༩༥་ཡོད་པ་དེའི་ཁོངས་ནས་ཤོག་གྲངས་༢༠་ལྷག་ནི་བོད་རྒྱུད་ནང་བསྟན་ཆོས་ལུགས་སུ་གསང་སྔགས་ཉམས་ལེན་ཡིན་ཞེས་ཕོ་མོ་སྦྱོར་འབྲེལ་ཉམས་ལེན་བྱེད་སྟངས་ལ་ལོག་འགྲེལ་དང་སྐྱོན་བརྗོད་ཀྱིས་དེ་ནི་ནང་པའི་ཆོས་གཞུང་ལ་མི་བརྩི། བོད་རྒྱུད་ནང་བསྟན་གྱི་གྲྭ་བ་དང་བླ་མ་ཚོའི་ཉམས་ལེན་ཞན་པ། ད་དུང་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ནང་པའི་རྗེས་འཇུག་པ་མིན་ཚུལ་སོགས་ཁུངས་ལུང་མེད་པའི་ཡིག་འབྲུ་བརྒྱ་ཕྲག་མང་པོ་ཞིག་བྲིས་ཡོད་པ་བཅས་ལ་དྲ་ལམ་གྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་སོགས་ཀྱིས་དགག་པ་བརྒྱབ་སྟེ། སྤྱིར་ཞུ་གཏུག་པ་གྲྭ་བ་དེ་གཉིས་རྒྱ་ནག་ནང་བའི་མཐུན་ཚོགས་ཀྱི་ཚོགས་གཙོའི་བྱ་སྤྱོད་ཐེར་འདོན་བྱས་པ་རྣམས་དོན་དངོས་ཡིན་མིན་ཇི་ལྟར་ཡང་དེའི་ནང་དུ་བོད་རྒྱུད་ནང་བསྟན་སྐོར་ལ་ལོག་འགྲེལ་མང་པོ་ཞིག་བྱེད་དོན་ནི་རྡོ་གཅིག་གིས་བྱེའུ་གཉིས་གསོད་ཐབས་ལྟ་བུ་ཡིན་པ་དང་། ཐེངས་འདིའི་དོན་རྐྱེན་དང་བོད་རྒྱུད་ནང་བསྟན་ལ་འབྲེལ་བ་ཅི་ཡང་མེད་པས་འབྲེལ་བ་མེད་སར་བོད་རྒྱུད་ནང་བསྟན་ལ་ལོག་འབྲེལ་བྱས་པ་ནོར་འཁྲུལ་ཅན་གྱི་བྱེད་སྟངས་ཤིག་རེད་ཅེས་ངོ་རྒོལ་བྱས་འདུག

XS
SM
MD
LG