ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གིས་ཧོང་ཀོང་གི་རང་སྐྱོང་ལ་བརྩི་འཇོག་ཡོད་ཟེར།


༄༅།། རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་རང་སྐྱོང་གི་ཐོབ་ཐང་མང་དག་ཅིག་ཡོད་པ་རྣམས་རིམ་བཞིན་ཇེ་ཆུང་དུ་འགྲོ་ཡི་ཡོད་པ་དང་། ཧོང་ཀོང་རྩིས་སྤྲོད་རྩིས་ལེན་དུས་སུ་དབྱིན་ཇི་དང་རྒྱ་ནག་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་ཁག་རྒྱ་ནག་གཞུང་གིས་བརྩི་མེད་གཏོང་གི་འདུག་ཅེས་རྒྱལ་སྤྱིའི་ཐོག་ཏུ་སྐྱོན་བརྗོད་ཕོག་གི་ཡོད་ཀྱང་ཕྱི་ཟླ་༧་ཚེས་༣༠་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་དེར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཤིག་ལག་ལེན་བྱེད་ཀྱི་ཡོད་པར་སྔར་བཞིན་འགྱུར་བ་མེད། ཧོང་ཀོང་གི་ལས་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན། རྒྱལ་ཁབ་གང་ཞིག་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་ན་ང་ཚོས་དེ་ལ་དགའ་བསུ་ཞུ་མི་སྲིད། རྒྱ་ནག་གིས་དེ་ལ་མོས་མཐུན་ཡང་བྱ་རྒྱུ་མིན་ཞེས་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱི་ལྷན་དུ་བསྐོངས་པའི་གསར་འགོད་ལྷན་ཚོགས་ཐོག་ཏུ་ཁྱ་བསྒྲགས་བྱས་འདུག ༡༩༩༧་ལོར་རྒྱ་ནག་གིས་ཧོང་ཀོང་རྩིས་ལེན་བྱས་པའི་དུས་སུ་མ་འོངས་པའི་ལོ་ལྔ་བཅུའི་རིང་ལ་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ཧོང་ཀོང་ས་ཁུལ་དེར་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུ་ཡིན་ཞེས་ཁས་ལེན་བྱས་མོད། འོན་ཀྱང་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གཏམ་བརྗོད་རང་དབང་དང་གསར་འགོད་རང་དབང་། འདུ་འཛོམས་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་དང་དམངས་གཙོའི་རང་དབང་ཁག་ལ་དམ་དྲག་བྱས་ཏེ། རྒྱ་ནག་གི་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་དར་སྤེལ་གཏོང་རྒྱུའི་ཤུགས་སྣོན་རྒྱག་གི་ཡོད་ཅིང་། ༢༠༡༤་ལོར་ཧོང་ཀོང་གི་ན་གཞོན་ཚོས་མངའ་ཁུལ་དེའི་སྲིད་སྐྱོང་དང་གྲོས་ཚོགས་འཐུས་མི་རྣམས་དམངས་གཙོའི་ལམ་ནས་འོས་འདེམས་བྱ་དགོས་ཞེས་ངོ་རྒོལ་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་གནོན་སྡོམ་བྱས་པར་མ་ཟད། ཧོང་ཀོང་མི་དམངས་ཀྱིས་འོས་འདེམས་བྱས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་ཀྱང་གྲོས་ཚོགས་འཐུས་མིའི་ཁོངས་ནས་གནས་དབྱུང་བཏང་བ། ཧོང་ཀོང་རང་བཙན་བྱ་དགོས་ཟེར་པའི་ན་གཞོན་ལས་འགུལ་བའི་འགོ་ཁྲིད་ཁག་ཅིག་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད། དེར་བརྟེན་དབྱིན་ཇིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཟུར་པ་ཁག་དང་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ལ་ཡོངས་གྲགས་ཀྱི་སྙན་ཞུ་ཞིག་ཕུལ་ཏེ། རྒྱ་ནག་གཞུང་གིས་ཧོང་ཀོང་གི་སྲིད་དོན་ཚོགས་པ་ཁག་ཅིག་བཀག་སྡོམ་བྱས་དང་ཁ་བྲལ་གྱི་ཉེས་མིང་བཏགས་ནས་ཁྲིམས་གཅོད་འདྲ་མིན་བྱེད་ཀྱི་ཡོད་པ། ཧོང་ཀོང་གི་དམངས་གཙོ་ཚོགས་པ་དང་རང་བཙན་གྱི་ལྟ་བ་འཛིན་པའི་སྲིད་དོན་པ་རྣམས་ཧོང་ཀོང་ས་གནས་ཀྱི་གྲོས་ཚོགས་འཐུས་མིར་འགྲན་ཞུགས་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་པ་སོགས་ལ་བློ་འཚབ་ཡོད། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་ངེས་པར་དུ་རྒྱ་ནག་ལ་ཧོང་ཀོང་མི་དམངས་ཀྱི་བདེ་སྡུག་དང་ཐོབ་ཐང་རྣམས་གླེང་སློང་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ན་ནིང་ཧོང་ཀོང་གི་རྩིས་ལེན་བྱས་ནས་ལོ་༢༠་པའི་དུས་དྲན་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཧོང་ཀོང་དམངས་བསལ་ས་ཁུལ་ནི་རྒྱ་ནག་གི་རང་སྐྱོང་ས་ཁུལ་ཞིག་ལ་གྱུར་ཟིན། ཧོང་ཀོང་ས་གནས་སུ་སྤེལ་གྱི་ཡོད་པའི་ཆབ་སྲིད་ཀྱི་ལས་འགུལ་ཁག་ཅིག་རྒྱ་ནག་གི་བདག་དབང་ལ་བརྩི་མེད་དང་ཞི་བདེ་བརྟན་ལྷིང་ལ་གནོད་སྐྱོན་ཕོག་སའི་འབྱུང་རྩ་ཞིག་ཡིན་པས་ང་ཚོས་དེ་ལ་མཐའ་གཅིག་ཏུ་བཀག་སྡོམ་བྱ་དགོས་ཞེས་བཤད། ཐེངས་འདིའི་གསར་འགོད་ལྷན་ཚོགས་ཐོག་ཏུ་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་ལ་ཧོང་ཀོང་གི་བདག་དབང་ཡོད་པར་ང་ཚོས་ངོས་ལེན་བྱེད་བཞིན་ཡོད། ཡིན་ནའང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ་རྒྱ་ནག་གི་ཁེ་ཕན་ཞིག་དང་ཧོང་ཀོང་གི་ཞི་བདེ་བརྟན་ལྷིང་། མངའ་ཁུལ་དེའི་དཔལ་འབྱོར་དང་ཚོང་ལས་འཕེལ་རྒྱས་བཅས་ལ་དགེ་མཚན་ཡོད་པ་ཞིག་ཡིན་ཞེས་བྱས་བརྗོད་བྱས་འདུག

XS
SM
MD
LG