ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

བོད་དང་ཞིན་ཅང་ལ་སྤེལ་བཞིན་པའི་ཆབ་སྲིད་སློབ་གསོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་བོད་དང་ཞིན་ཅང་གི་ཆོས་སྡེ་ཁག་གཏོར་བཤིག་བཏང་ནས་གྲངས་ཉུང་མི་རིགས་ཀྱི་མིའི་ཀླད་པ་འཁྲུ་ཐབས་སུ་ཆབ་སྲིད་ཀྱི་སློབ་གསོ་བསྐྱར་མ་ཞེས་པ་ཞིག་སྤེལ་བཞིན་འདུག མིང་བརྗོད་འདོད་མེད་པའི་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་དགེ་འདུན་པ་ཞིག་གིས་བཤད་པ་ལྟར་ན་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་ལྔ་སྟོང་གཏོར་བཤིག་བཏང་བ་དང་གྲྭ་བ་ལྔ་སྟོང་ཙམ་བཙན་གྱིས་དགོན་པ་ནས་ཕྱིར་ཕུད་བྱས་སོང་། དེང་སྐབས་བླ་རུང་སྒར་ནང་བསྟན་སློབ་གླིང་དུ་གྲྭ་བཙུན་སློབ་གཉེར་བ་ཆིག་སྟོང་ལྔ་བརྒྱ་དང་། དགོན་པའི་ནང་དུ་བཙུན་མ་སུམ་སྟོང་ལྔ་བརྒྱ་སྟེ། ཁྱོན་བསྡོམས་གྲྭ་བ་དང་བཙུན་མ་ལྔ་སྟོང་ཙམ་ལས་ལྷག་མེད་ཅེས་བརྗོད། ནང་བསྟན་སློབ་གླིང་དེར་བརྟག་དཔྱད་ཀྱི་ས་ཚིགས་མང་པོ་ཡོད་པ་དང་སློབ་གླིང་གི་ཁ་གཏད་དུ་ཡོད་པའི་རི་ངོས་སུ་འཕྲེད་དར་ཆེན་པོ་ཞིག་མཐོང་རྒྱུ་ཡོད་པ་དེའི་སྟེང་དུ་བློ་སེམས་གཅིག་གིས་ཀྲུང་གོའི་འདུན་མ་སྐྱོང་དགོས་ཞེས་བྲིས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་རྡོ་རྗེས་རྒྱ་གཞུང་གིས་དགོན་པ་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་གཏོང་བཞིན་པ་ནི་གཞུང་གི་སྲིད་ཇུས་ཀྱི་ཆ་ཤས་ཅིག་རེད། པེ་ཅིང་གཞུང་གིས་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་ནང་དུ་ཆོས་ལུགས་ལ་རྒྱ་ནག་གི་ཁྱད་ཆོས་ཡོངས་སུ་ཚང་ཐབས་བྱ་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་ཚུལ་གྱིས་ཆོས་ལུགས་ཀྱི་ནང་དོན་ལ་ཚབ་དོད་བྱེད་དུ་འཇུག་པར་བོད་ས་ཡོངས་ཀྱི་དགོན་སྡེ་ཁག་ཏུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བཞིན་ཡོད་པ་སྟེ། དྲྭ་ལམ་དུ་ཁྱབ་བཞིན་པའི་བརྙན་ཐུང་ཁག་ཏུ་གྲྭ་ཆས་གྱོན་པའི་དགེ་འདུན་པ་རྣམས་ལ་རྒྱ་ནག་དམར་ཕྱོགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་གླུ་གཞས་ལེན་དུ་འཇུག་གི་འདུག སྤྱིར་དགེ་འདུན་པས་གླུ་གཞས་ལེན་མི་ཆོག་མོད། འོན་ཀྱང་རྒྱ་གཞུང་གིས་བཙན་ཐབས་ལ་རྒོལ་མ་ནུས་པར་གྲྭ་བཙུན་ཚོས་གླུ་གཞས་མ་བླངས་ཐབས་མེད་དུ་གྱུར། འདི་ནི་སེམས་ནས་བཟོད་ཐབས་མེད་པའི་གནས་སྟངས་ཤིག་རེད་ཅེས་བཤད། གཞན་ཡང་སྤྱི་ལོ་ཉིས་སྟོང་བཅུ་བདུན་ལོར་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཅེས་པས་བརྙན་ཐུང་གཉིས་བཏོན་པ་དེ་དག་གི་ནང་དུ་རྒྱ་ནག་གཞུང་གིས་བླ་རུང་སྒར་དང་ཡ་ཆེན་སྒར་དུ་དགེ་འདུན་པ་རྣམས་སློབ་གསོ་བསྐྱར་མ་སྤེལ་ཡུལ་དུ་བསྐྱལ་ནས་ལུས་ལ་སྐྱ་ཆས་གོན་དུ་བཅུག་པ་དང་དམར་ཕྱོགས་ལ་བསྟོད་གླུ་ལེན་དུ་བཅུག་སྟེ་བཙན་གྱིས་གུང་ཁྲན་ཏང་ལ་བློ་སེམས་དཀར་པའི་རྣམ་འགྱུར་སྟོན་དུ་བཅུག་པར་འགའ་ཤས་ཀྱིས་བཟང་བཙོན་ལྟ་བུ་ཞིག་རེད་ཅེས་བརྗོད། བོད་གཅིག་པུ་མིན་པར་ཞིན་ཅང་གི་གནས་སྟངས་ཀྱང་ཧ་ཅང་སྡུག་པོ་ཡོད་པ་སྟེ། གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན་ཞིན་ཅང་གི་ཡུ་གུར་པ་རྣམས་ཀྱི་རྒྱུད་རྒྱུའམ། ཌི་ཨེན་ཨེ་བསྡུ་ལེན་བྱས་ནས་རིགས་རྫས་དང་ལུས་ཀྱི་གྲུབ་རྫས་ཀྱི་ཁྱད་རྟགས་རྣམས་འཕྲུལ་འཇུག་བྱས་ནས་ཐར་ས་མེད་པར་གཏོང་གི་ཡོད་པ་དང་། ད་སྔ་ཞིན་ཅང་གི་ཡུ་གུར་པ་ས་ཡ་གཅིག་ཙམ་སློབ་གསོ་བསྐྱར་མ་སྤེལ་སའི་བཀག་ཉར་ཁང་དེ་དག་གི་ནང་དུ་བསྐྱལ་ནས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་ཅིང་། ཆབ་སྲིད་ཀྱི་སློབ་གསོ་ནི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་དང་ཁ་བྲལ་རིང་ལུགས་ལ་ངོ་རྒོལ། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་ལ་ངོ་རྒོལ། ཡུ་གུར་པ་ཚོས་ཁ་ཆེའི་ཆོས་ལུགས་ལ་དད་པ་མི་བྱེད་པར་སྲིད་འཛིན་ཞིས་ཅིན་ཕིང་ལ་དད་པ་བྱ་དགོས་པ་དང་གུང་ཁྲན་ཏང་གི་བཀའ་དྲིན་དྲན་དགོས་པ། རྒྱ་མི་རིགས་དང་ཡུ་གུར་པ་རྣམས་ཁྱིམ་ཚང་གཅིག་གི་བཟའ་མི་ལྟ་བུ་ཞིག་ཡིན་པའི་འདུ་ཤེས་བསྐྱེད་དགོས་ཞེས་སློབ་གསོ་སྤེལ། ཆབ་སྲིད་ཀྱི་སློབ་གསོ་ཁང་དེ་དག་གི་ནང་དུ་པར་ཆས་མང་པོ་བཙུགས་ནས་ལྟ་རྟོག་བྱེད་སྟངས་ནི་མིའི་སྤྱོད་ཚུལ་ལས་འདས་པ་ཞིག་ཡིན་པར་མ་ཟད། སྤྱི་ལོི་ཉིས་སྟོང་བཅུ་དྲུག་ལོ་ནས་ཞིན་ཅང་ལ་བཀག་ཉར་ཁག་མང་པོ་འཛུགས་པར་རྒྱ་སྒོར་དུང་ཕྱུར་དྲུག་ལྷག་འགྲོ་གྲོན་བཏང་སྟེ། ད་ལོའི་སྤྱི་ཟླ་བཞི་བ་ནས་བཟུང་སྟེ་ཞིན་ཅང་གི་ས་གནས་གང་སར་ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བའི་འདུ་ཤེས་དེ་ཉིད་བྱིས་པའི་དུས་ནས་བསྐྱེད་ཐབས་བྱ་དགོས་ཞེས་ལས་གཞི་འགོ་ཚུགས། བྱིས་པ་ལོ་གཅིག་ནས་ལོ་དྲུག་བར་དུ་ཉིན་ལྟར་འོ་མ་སྐམ་པོ་བག་ཆ་རེ་སྤྲོད་ཀྱི་ཡོད་པ་དེའི་སྟེང་དུ་ཏང་ནི་སྙིང་ཉེ་བའི་ཨ་མ་ཡིན་ཞེས་བཀོད། ཞིན་ཅང་གི་ཡུ་གུར་པ་ས་ཡ་གཅིག་ལྷག་སློབ་གསོ་བསྐྱར་མ་སྤེལ་ས་ཞེས་པའི་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་མྱོང་ཡོད་འདུག ཁ་ཆེའི་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་ཧ་ས་ཀ་བ་དང་རྒྱ་ཁ་ཆེ་ཚོའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་དམ་དྲག་བྱེད་ནན་པོ་བྱེད་བཞིན་མཆིས་སོ།།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༥ ཚེས་༨
please wait

No live streaming currently available

0:00 0:00 Live
XS
SM
MD
LG