ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཞིན་ཅང་གི་བསམ་བློའི་སློབ་གསོའི་བཙོན་སྒར་ཁག


༄༅།། ལོ་ན་༤༡་ལ་སོན་པའི་སོ་དབྱི་ཏེ་བྷེ་ཞེས་པ་ནི་མི་རིགས་ཧ་ས་ཁ་བ་དང་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་པའི་ཞིན་ཅང་གི་ཡུལ་མི་ཞིག་ཡིན། ཁོ་མོ་ཁྲིམས་འགལ་ཐོག་ས་མཚམས་བརྒལ་ནས་ཁྱོ་ག་དང་བུ་ཕྲུག་གཉིས་འཚོ་གནས་བྱ་ཡུལ་ཁ་ཛག་སི་ཐན་ལ་བྲོས་བྱོལ་དུ་སོང་སྟེ། སི་དབྱི་ཏེ་བྷེ་འཕྲལ་དུ་ཁ་ཛག་སི་ཐན་གཞུང་གིས་འཛིན་བཟུང་བྱས་འདུག ཁོ་མོས་ཁྲིམས་ཁང་ལ་ཁ་ཛག་སི་ཐན་གྱི་གཞུང་དང་རྒྱ་ནག་གཞུང་གཉིས་མཉམ་འབྲེལ་ཇི་ལྟར་བྱེད་ཀྱི་ཡོད་མེད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ས་གནས་གང་སར་བསམ་བློའི་གསོ་གཏོང་ཡུལ་བཙོན་སྒར་ཅི་ཙམ་བཙུགས་ཡོད་མེད། ཞིན་ཅང་གི་བསམ་བློའི་སློབ་གསོའི་བཙོན་སྒར་དེ་དག་གི་ནང་དུ་ཡུ་གུར་པ་འབུམ་ཕྲག་མང་པོ་བཀག་ཉར་བྱས་ཡོད་པ་དེ་དག་གི་གྲས་སུ་ཉུང་མཐའ་ཡང་ཧ་ས་ཁ་བ་༢༥༠༠་ཙམ་འདུག་ཅེས་ཐེར་འདོན་བྱས་པས་ཁ་ཛག་སི་ཐན་གཞུང་གིས་སྐྱབས་བཅོལ་བ་སོ་དབྱི་ཏེ་བྷེར་ཅི་ཞིག་བྱ་དགོས་མིན་ཐག་མ་ཆོད་པར་ཅི་བྱ་གཏོལ་མེད་དུ་གྱུར། ཁོ་མོས་ཁྲིམས་ཁང་གི་འདྲི་ཞིབ་སྐབས་སུ་བརྗོད་དོན། རྒྱ་ནག་གཞུང་གིས་བཙོན་སྒར་དེ་དག་ལ་ཆབ་སྲིད་ཀྱི་གཞི་སྒར་ཟེར་ཀྱང་དོན་དངོས་སུ་རི་མགོའི་བཙོན་ཁང་ཞིག་རེད། ད་ལྟ་ངས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་ཡུལ་ཡོད་པ་ཐེར་འདོན་བྱེད་ཀྱི་ཡོད་པ་རྒྱ་ནག་ལ་མཚོན་ན་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པ་ཞིག་ཡིན་པས་ང་ཞིན་ཅང་ལ་ཕྱིར་སློག་བྱས་ན་རྒྱ་ནག་གཞུང་གིས་ཁྲིམས་གཅོད་དྲག་པོ་བྱ་རྒྱུ་དང་ང་གར་སོང་ཆ་མེད་དུ་འགྱུར་རྒྱུ་ཡིན་པ་བརྗོད་ཅི་དགོས། ང་ཁྲིམས་འགལ་ཐོག་ཏུ་ཁ་ཛག་སི་ཐན་ལ་བྲོས་བྱོལ་དུ་མ་ཡོང་ན་རྒྱ་ནག་གཞུང་གིས་ནམ་ཡང་ང་ཚོ་བཟའ་ཟླ་བུ་ཕྲུག་རྣམས་ལྷན་འཛོམས་བྱེད་དུ་འཇུག་མི་སྲིད་ཅེས་ཁ་ཛག་སི་ཐན་གྱི་ཁྲིམས་ཁང་ལ་ཞུ་བ་འཐེན། རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་བཅས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་ཅེས་ཞིན་ཅང་ཡུ་གུར་རང་ལྗོངས་ཡོངས་སུ་དམག་དང་དྲག་ཆས་ཉེན་རྟོག་པ། ཉེན་རྟོག་པ་དང་གསང་བའི་མི་སྣ་ཁྲི་ཚོ་མང་པོ་འགྲེམ་འཇོག་བྱས་པ་དང་ཡུ་གུར་པའི་ཁྱིམ་ཚང་ཁག་ལ་ལས་བྱེད་པ་མངགས་གཏོང་བྱས་ནས་ལྟ་རྟོག་བྱེད་དུ་འཇུག་གི་ཡོད་པ། ཞིན་ཅང་གི་ཡུ་གུར་པའི་སྐྱེས་པ་ཚོས་ཁ་སྤུ་རིང་པོ་འཇོག་མི་ཆོག་པ་དང་ཆོས་ལུགས་ཆ་བྱད་མཚོན་པའི་གྱོན་གོས་གོན་མི་ཆོག་པ། ཡུ་གུར་པའི་བུད་མེད་ཚོས་མགོ་རས་དཀྲི་བ་དང་གདོང་ཁེབས་གཡོགས་མི་ཆོག་པ། སློབ་ཕྲུག་དང་ལས་བྱེད་པ་ཚོ་ཁ་ཆེའི་ལྷ་ཁང་ཁག་ལ་ཕྱག་འཚལ་བ་དང་ཁ་འདོན་བྱེད་དུ་འགྲོ་མི་ཆོག་པ། ཐ་ན་ཁ་ཆེའི་སྙུང་གནས་ཟླ་བའི་རིང་ལའང་སྙུང་གནས་སྲུང་མི་ཆོག་པར་མ་ཟད། ཞིན་ཅང་གི་ཡུ་གུར་པ་འབུམ་ཕྲག་འགའ་ཞིག་བསམ་བློའི་སློབ་གསོ་གཏོང་ཡུལ་བཙོན་སྒར་ཁག་ཏུ་བཀག་ཉར་བྱས་ནས་རྒྱ་ནག་གཞུང་དང་གུང་ཁྲན་ཏང་ལ་དགའ་ཞེན་བྱ་དགོས། རྒྱ་མི་རིགས་དང་ཞིན་ཅང་གི་ཡུ་གུར་པ་རྣམས་ཁྱིམ་ཚང་གཅིག་གི་བཟའ་མི་ཡིན་པ་ལྟ་བུའི་འདུ་ཤེས་འཛིན་དགོས། ཡུ་གུར་པའི་བུ་ཕྲུག་ཚོས་རྒྱ་ཡིག་རྒྱ་སྐད་སྦྱང་དགོས་པ་དང་རྒྱ་གཞུང་ཞིན་ཅང་ལ་བཀའ་དྲིན་ཆེན་པོ་ཡིན་པའི་དྲིན་ཚོར་དགོས་ཞེས་བསམ་བློའི་སློབ་གསོ་གཏོང་རྒྱུ་ཤུགས་ཆེ་རུ་བཏང་འདུག སོ་དབྱི་ཏེ་བྷེ་བཙོན་སྒར་ཞིག་གི་ལས་བྱེད་པ་ཡིན་པས་ཁོ་མོས་རྒྱ་གཞུང་གི་གསང་བའི་ཡིག་ཆ་ཁག་ཅིག་མཐོང་བ་དེ་ལ་ཞིན་ཅང་གི་ཡུ་གུར་བ་མང་ཆེ་བ་བསམ་བློའི་སློབ་གསོ་གཏོང་ཡུལ་གྱི་བཙོན་སྒར་ཁག་ཏུ་བརྒྱུད་མྱོང་འདུག་ཅེས་བཤད། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ཞིན་ཅང་ཡུ་གུར་རང་ལྗོངས་སུ་བསམ་བློའི་སློབ་གསོ་གཏོང་ཡུལ་གྱི་ལྟེ་གནས་གཅིག་ཀྱང་མེད་ཅེས་ངོས་ལེན་བྱེད་ཀྱི་ཡོད་ཀྱང་རྒྱལ་སྤྱིའི་ཐོག་ཏུ་ཞིན་ཅང་གི་ས་གནས་གང་སར་བསམ་བློའི་སློབ་གསོ་གཏོང་ཡུལ་བཙོན་སྒར་ཇི་སྙེད་ཅིག་ཡོད་པ་བརྙན་གཟུགས་དང་འདྲ་པར། བཙོན་སྒར་དེ་དག་གི་ནང་དུ་བསམ་བློའི་སློབ་གསོ་ལ་ཞུགས་མྱོང་བའི་ཡུ་གུར་པ་ཚོས་ཁུངས་སྐྱེལ་ར་སྤྲོད་གསལ་བོར་ཐུབ། ཞིན་ཅང་གི་ཡུ་གུར་པའི་གྲས་སུ་ཧ་ས་ཁ་བའི་མི་འབོར་ས་ཡ་༡་དང་ཕྱེད་ཀ་ཙམ་ཡོད་ཀྱང་རྒྱ་ནག་གཞུང་གིས་བསམ་བློའི་སློབ་གསོ་གཏོང་བའི་ལས་འགུལ་ཞིག་སྤེལ་པའི་རྗེས་སུ་ཡུ་གུར་པ་དང་ཧ་ས་ཁ་བ་གཉེན་སྒྲིག་བྱས་ཡོད་པའི་བཟའ་ཚང་དང་ཕ་མ་བུ་ཕྲུག་སྟོང་ཕྲག་མང་པོ་ཁ་འཐོར་དུ་སོང་སྟེ་བཟའ་མི་ལྷན་འཛོམས་མི་ཐུབ་པར་གྱུར། ༡༩༩༡་ལོར་ཁ་ཛག་སི་ཐན་ལ་ཨུ་རུ་སུའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་པའི་རྗེས་སུ་ཞིན་ཅང་གི་ཧ་ས་ཁ་བ་འབུམ་༢་ལྷག་ཁ་ཛག་སི་ཐན་གྱི་མི་ཁོངས་སུ་ཞུགས། སྔོན་ཆད་ཞིན་ཅང་གི་ཡུ་གུར་པ་དང་ཧ་ས་ཁ་བ་གཉེན་སྒྲིག་བྱས་ཡོད་པ་རྣམས་ཕར་འགྲོ་ཚུར་འོང་གི་དཀའ་ངལ་ཆེན་པོ་མེད་མོད། འོན་ཀྱང་༢༠༡༦་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་ཞིན་ཅང་ལ་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་ནས་མི་རིགས་འདྲེས་མའི་བཟའ་ཚང་རྣམས་ཕར་འགྲོ་ཚུར་འོང་གི་འགྲིམ་འགྲུལ་ཡོངས་སུ་འགགས། ཕྱི་ཟླ་༧་ཚེས་༡༣་ཉིན་སོ་དབྱི་ཏེ་བྷེའི་ཁྲིམས་རྩོད་པས་ཧྥ་རན་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་ངས་དག་འབུད་བྱ་ཡུལ་སྐྱབས་བཅོལ་བ་འདིས་ལམ་ཡིག་རྫུན་མ་འཁྱེར་ཏེ་ཁྲིམས་འགལ་ཐོག་ཏུ་ས་མཚམས་བརྒལ་ནས་ཡོང་བ་ཁྲིམས་མཐུན་རེད་ཟེར་གྱིན་མེད། གལ་སྲིད་ཁོ་མོ་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱས་ནས་ཞིན་ཅང་ལ་ཕྱིར་སློག་བྱས་ན་སོ་དབྱི་ཏེ་བྷེའི་ལས་དབང་དེ་ཉིད་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་ཤེས་གསལ་རེད་ཅེས་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག ཞིན་ཅང་གི་ས་གནས་ཁག་ཏུ་ཁྱིམ་གཞི་ཆགས་པའི་ཧ་ས་ཁ་བ་ཚོས་རྒྱ་ནག་གི་གཉའ་གནོན་དང་དྲག་གནོན་གྱི་གདུག་རྩུབ་མྱོང་གི་ཡོད་ཀྱང་ཁ་ཛག་སི་ཐན་ནི་རྒྱ་ནག་གི་དཔལ་འབྱོར་རོགས་རམ་དང་ཚོང་ལས་ལ་བརྟེན་དགོས་པས་ཁ་ཛག་སི་ཐན་གྱི་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ཚིག་གཅིག་ཀྱང་བྱེད་ཕོད་ཀྱི་མེད་པ་ངོ་གནོང་དགོས་པའི་གནས་སུ་གྱུར་ཡོད་པ་སྟེ། རྒྱ་ནག་གིས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་འགྲོ་གྲོན་བཏང་ནས་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དེའི་ཁོངས་སུ་ཁ་ཛག་སི་ཐན་མཉམ་ཞུགས་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་དབུས་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་ཁག་ལ་ཞིན་ཅང་ནས་བྲོས་བྲོལ་དུ་སོང་བའི་རྒྱ་ནག་གི་སྤྱི་དམངས་རྣམས་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཕྱིར་སློག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད།།​

XS
SM
MD
LG