ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༣/༢༦

ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འགྲོ་གྲོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ༡༩༤༩་ནས་བཙུགས་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ནི་ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་དང་། ༢༠༠༡་ལོར་ཨ་མི་རི་ཀར་༩་པའི་༡༡་གི་གཏོར་རྒོལ་བྱུང་བའི་རྗེས་སུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་དམག་དོན་སྒྲིག་འཛུགས་ཤིག་ཏུ་གྱུར། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དོན་ཚན་ལྔ་པར་ཚོགས་འཐུས་རྒྱལ་ཁབ་གཅིག་ལ་བཙན་འཛུལ་དང་རྒོལ་རྡུང་བྱུང་ན་དམག་དོན་སྒྲིག་འཛུགས་དེའི་ཚོགས་འཐུས་རྒྱལ་ཁབ་ཚང་མར་བཙན་འཛུལ་དང་རྒོལ་རྡུང་བྱས་པ་དང་ཁྱད་པར་མེད་ཅེས་ལངས་ཕྱོགས་གཅིག་གྱུར་བཟུང་སྟེ། འདས་པའི་གྲང་དམག་འཁོན་འཛིང་དུས་སུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཨུ་རུ་སུ་ལ་ཁ་གཏད་བཅགས་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་ཀྱི་ལས འགན་བསྒྲུབས། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་གང་ཞིག་ལ་ཨུ་རུ་སུ་སོགས་ཀྱིས་བཙན་འཛུལ་བྱས་ཚེ། ཨ་མི་རི་ཀས་རྒྱལ་ཁབ་དེའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་པའི་ཡིད་ཚེས་བྱས་ནས་བློ་འཚབ་བྱུང་མྱོང་མེད་མོད། འོན་ཀྱང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་དུས་ནས་ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་དང་། ལྷག་པར་དུ་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་སོང་ནས་ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་སྔར་བཞིན་སོར་གནས་ཐུབ་རྒྱུ་ཡིན་མིན་ལ་ངེས་གཏན་མེད་པར་གྱུར། ཕྱི་ཟླ་༧་ཚེས་༡༢་ཉིན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་རྗེས་སུ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྔོན་ནས་གཏན་འབེབས་མེད་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས། ཁོང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་དམག་དོན་འགྲོ་གྲོན་མང་དུ་གཏོང་རྒྱུའི་གྲོས་མཐུན་བྱུང་སོང་། ངས་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་རང་གི་དམག་དོན་འགྲོ་གྲོན་གྱི་ལས་འགན་སྒྲུབས། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་རང་གི་དམག་དོན་འགྲོ་གྲོན་ཨ་མི་རི་ཀའི་སྟེང་དུ་གཡུགས་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། གལ་སྲིད་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་དམག་དོན་འགྲོ་གྲོན་ཚུལ་བཞིན་མ་བཏང་ན་ཨ་མི་རི་ཀ་དམག་དོན་སྒྲིག་འཛུགས་དེའི་ཁོངས་ནས་ཕྱིར་འཐེན་བྱ་སྲིད་པའི་གོ་རྒྱུ་བཏང་ཞིང་། ད་ལྟ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁ་འཐོར་འགྲོ་སྲིད་པའི་ཉེན་ཀ་མེད། ངས་དམག་དོན་འགྲོ་གྲོན་གྱི་ལས་འགན་མཉམ་ཁུར་བྱ་དགོས་ཞེས་སྐད་བརྒྱབ་ནས་བཟུང་། ན་ནིང་གཅིག་པུར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་ཨ་སྒོར་དུང་ཕྱུར་༣༢༠་ཕར་སྣོན་སོང་ཡོད། ད་དུང་ཡང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་འགྲོ་གྲོན་གཏོང་དགོས་པ་རྣམས་གཏོང་རྒྱུ་ཡིན་ཞེས་ཁས་ལེན་བྱས་སོང་། ཨ་རིའི་སྲིད་འཛིན་རོ་ནལ་རེ་གྷན་གྱི་དུས་ནས་བྷ་རག་ཨོ་བྷ་མའི་དུས་སྐབས་བར་དུ་ཨ་མི་རི་ཀས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འགྲོ་གྲོན་མང་ཆེ་བ་བཏང་འདུག་ཅེས་འགྲེལ་བཤད་བརྒྱབ། སྲིད་འཛིན་ཌོ་ནལ་ཊོམ་གྱིས་འཁང་ར་བཤད་ས་གཙོ་བོ་ཞིག་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་དམག་དོན་འགྲོ་གྲོན་ཚུལ་བཞིན་གཏོང་གི་མེད་པ་དང་ཨ་མི་རི་ཀས་སྔར་བཞིན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འགྲོ་གྲོན་བརྒྱ་ཆ་༧༠་ནས་བརྒྱ་ཆ་༩༠་ཡས་མས་ཤིག་གཏོང་ཐུབ་ཀྱི་མི་འདུག ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་རང་གི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱི་འབོར་བརྒྱ་ཆ་གཉིས་དམག་ལ་དོན་འགྲོ་གྲོན་གཏོང་རྒྱུ་ཐག་གཅོད་བྱས་ཀྱང་འཇར་མན་ཎི་དང་ཁེ་ན་ཌ་སོགས་ཀྱིས་རང་གི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱི་འབོར་བརྒྱ་ཆ་གཉིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་འགྲོ་གྲོན་གཏོང་གི་མི་འདུག གལ་སྲིད་ཨུ་རུ་སུས་དམག་བརྒྱབ་ནས་འཇར་མན་ཎིར་བཙན་འཛུལ་བྱས་ན་ཨ་མི་རི་ཀས་འཇར་མན་ཎིར་སྲུང་སྐྱོབ་བྱ་དགོས། འཇར་མན་ཎིས་ཨུ་རུ་སུ་ནས་རང་བྱུང་སོལ་རླངས་ནང་འདྲེན་བྱས་ནས་ཨ་སྒོར་དུང་ཕྱུར་མང་པོ་ཨུ་རུ་སུ་ལ་སྤྲོད། ཨུ་རུ་སུའི་རང་བྱུང་སོལ་རླངས་ཡུ་རོབ་རྒྱལ་ཁབ་ཁག་ལ་ནང་འདྲེན་བྱེད་པའི་ལྕགས་སྦུག་ཅིག་འཐེན་གྱི་ཡོད་པར་འཇར་མན་ཎིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གཏན་ནས་འོས་འཚམས་ཤིག་མིན། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་འཇར་མན་ཎིས་ཨུ་རུ་སུ་ལ་ཚོང་འབྲེལ་བཙུགས་ཡོད་པར་ཞིབ་འཇུག་བྱ་དགོས། འཇར་མན་ཎི་ཨུ་རུ་སུའི་ལག་འོག་ཏུ་ཚུད་འདུག་ཅེས་སྐྱོན་བརྗོད་བྱས་པར་འཇར་མན་ཎིའི་སྲིད་བློན་ཨང་གྷི་ལར་མར་ཁེལ་གྱིས་ང་ནི་ཤར་འཇར་མན་དུ་འཚར་ལོངས་བྱུང་ནས་དམར་ཤོག་གི་དབང་སྒྱུར་དངོས་སུ་མྱངས་མྱོང་བའི་མི་ཞིག་ཡིན། འཇར་མན་ཎིས་རང་བཙན་གྱི་ཕྱི་འབྲེལ་སྲིད་ཇུས་ཤིག་ཇི་ལྟར་འཛིན་དགོས་པ་ལེགས་པར་ཤེས་ཀྱིན་ཡོད་ཅེས་སྲིད་འཛིན་ཌོ་ནལ་ཊོམ་ལ་དགག་པ་བརྒྱབ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་ཆེན་རྗེས་སུ་སྲིད་འཛིན་ཌོ་ནལ་ཊོམ་དབྱིན་ཡུལ་དུ་ཕེབས་ཏེ་དབྱིན་ཇི་རྒྱལ་མོ་དང་དབྱིན་ཇིའི་སྲིད་བློན་སོགས་མཐོ་རིམ་གཞུང་འབྲེལ་མི་སྣང་ཁག་ལ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ། དབྱིན་ཇི་དང་ཨ་མི་རི་ཀ་གཉིས་ལ་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པ་རྒྱུན་འཁྱོངས་ཇི་ལྟར་བྱ་དགོས་མིན། དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་ཨ་མི་རི་ཀར་ཚོང་འབྲེལ་རྒྱ་སྐྱེད་གཏོང་ཕྱོགས་བཅས་ལ་གྲོས་སྡུར་བྱ་འཆར་ཡོད་ཀྱང་དབྱིན་ཇི་བ་སྟོང་ཕྲག་མང་པོས་སྲིད་འཛིན་ཌོ་ནལ་ཊོམ་ལ་ངོ་རྒོལ་ཁྲོམ་སྐོར་བྱ་འཆར་ཡོད་ཅིང་། སྔ་ལོ་རྒྱལ་ས་ལོན་ཌོན་གྱི་གྲོང་ཁྱེར་སྤྱི་ཁྱབ་ལ་སི་དྷི་ཁན་ཞེས་པ་ཀི་སི་ཐན་བ་གླ་འཁོར་ཁ་ལོ་བ་ཞིག་གི་བུ་འདེམས་ཐོན་བྱུང་། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ལོན་ཌོན་གྲོང་ཁྱེར་གྱི་སྤྱི་ཁྱབ་སི་དྷི་ཁན་ལ་མཐོང་ཆུང་དང་ཟུར་ཟའི་གཏམ་བཤད་བྱས་པས་ཐེངས་འདིར་སི་དྷི་ཁན་གྱིས་མི་དམངས་ལ་རྒྱལ་ས་ལོན་ཌོན་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་ངོ་རྒོལ་བྱེད་ཆོག་པའི་ཆོག་མཆན་སྤྲད། དབྱིན་ཡུལ་གྱི་འཚམས་འདྲིའི་རྗེས་སུ་སྲིད་འཛིན་ཌོ་ནལ་ཊོམ་ཧྥི་ལན་ཌིའི་རྒྱལ་ས་ཧེལ་སིང་ཀི་གྲོང་ཁྱེར་དུ་ཕེབས་ཏེ། ཁོང་གིས་རྒྱལ་ས་ཧེལ་སིང་ཀིར་ཨུ་རུ་སུའི་ཕུ་ཀྲིན་ལ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་དང་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་བསྔགས་བརྗོད་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་སྡུག་ཏུ་བཏང་སྟེ། ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བ་ཅི་ཙམ་སྡུག་ཏུ་སོང་ན་ཨུ་རུ་སུ་ལ་ཁ་གཏད་གཅོག་པའི་དམག་དོན་སྒྲིག་འཛུགས་སྟོབས་ཤུགས་ཅན་ཞིག་མེད་པའི་དགེ་མཚན་ཆེ། དེར་བརྟེན་ཨུ་རུ་སུའི་ཉེ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་ཨུ་རུ་སུས་སླར་ཡང་བཙན་འཛུལ་དང་མངའ་ཁོངས་རྒྱ་སྐྱེད་བྱ་སྲིད། ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་ཨ་མི་རི་ཀ་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བར་གང་ཐུབ་ཀྱིས་འགལ་ཟླ་སློང་གི་ཡོད་པར་མ་ཟད། ཨུ་རུ་སུའི་དམག་གིས་ཡུཀ་རེན་དང་འཇོར་ཇི་ཡ་སོགས་ལ་ཟིང་འཁྲུག་བསླངས་ནས་ས་ཆ་བཙན་འཕྲོག་བྱེད་ཀྱི་ཡོད་པ་དང་། ཨུ་རུ་སུའི་དམག་གིས་སི་རི་ཡའི་ནང་འཁྲུག་ལ་ཐེ་གཏོགས་ཆེན་པོ་བྱེད་ཀྱི་ཡོད་པར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྐྱོན་བརྗོད་ཚིག་གཅིག་བྱེད་ཕོད་ཀྱི་མེད་དོ།།

XS
SM
MD
LG