ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རི་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས།


༄༅།། ཟླ་སྔོན་མར་ཁེ་ན་ཌར་ཚོགས་པའི་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་ཨ་མི་རི་ཀ་དང་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་རྣམས་ཚོང་ལས་དང་བདེ་འཇགས་སྲུང་སྐྱོབ་ཐོག་ཏུ་འགལ་ཟླ་ཆེན་པོ་བྱུང་། གཟའ་འཁོར་འདིར་བྷེལ་ཇེམ་གྱི་རྒྱལ་ས་བྷ་ར་སིལ་སི་གྲོང་ཁྱེར་དུ་ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་རྒྱལ་ཁབ་ཁག་གི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་འདུ་འཚོགས་འཆར་ཡོད་ཅིང་། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཏུ་ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བར་སླར་ཡང་འགལ་ཟླ་གསར་པ་མི་འབྱུང་བར་ནུབ་རྒྱ་མཚོ་ཆེན་པོའི་ཕ་རོལ་ཚུ་རོལ་ཏུ་ཆགས་པའི་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན་པའི་རྣམ་པ་ཞིག་སྟོན་ཐུབ་པའི་རེ་བ་འཆང་གི་ཡོད་ཀྱང་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་ལ་ཚོང་ལས་དང་བདེ་འཇགས་སྲུང་སྐྱོབ་ཀྱི་འགྲོ་གྲོན་གཏོང་ཕྱོགས་སུ་མི་མཐུན་པའི་འགལ་ཟླ་ཡོད་པ་ལས་སླ་བར་སེལ་ཐུབ་པ་ཞིག་མིན་པ་སྟེ། འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་ཨ་རིའི་སྲིད་འཛིན་ཌོ་ལ་ཊོམ་གྱིས་མཐུན་ཚོགས་དེའི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་རང་གི་ཚོང་ལས་སྲིད་ཇུས་ལ་འགྱུར་བ་མ་བཏང་ན་ཨ་མི་རི་ཀས་མཐུན་ཚོགས་དེའི་ཁོངས་གཏོགས་རྒྱལ་ཁབ་ཁག་ལ་ཚོང་འབྲེལ་གཅོད་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། མཐར་ཁེ་ན་ཌའི་སྲིད་བློན་གྱི་ཚོགས་ཆེན་མཇུག་བསྡུའི་གཏམ་བཤད་ལ་ཌོ་ནལ་ཊོམ་མ་དགའ་བར་ཨ་མི་རི་ཀའི་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་སྤྱི་བསྒྲགས་ལའང་མིང་རྟགས་བཀོད་མེད། ཌོ་ནལ་ཊོམ་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་མཇུག་མ་བསྒྲིལ་གོང་དུ་སེངྒ་པུར་ལ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་དུ་ཕེབས་པར་མ་ཟད། ཁོང་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་ཁག་གི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ལ་བསྐྱར་དུ་གདན་འདྲེན་ཞུ་དགོས། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་བྱང་ཀོ་རི་ཡ་དང་ཨ་མི་རི་ཀའི་ཆེས་མཐོའི་འགོ་ཁྲིད་རིམ་པའི་ཐུག་འཕྲད་གྲོས་མོལ་ལ་ལེགས་སྐྱེས་ཆེན་པོ་འབུལ་སོང་ཞེས་བསྔགས་པ་བརྗོད། ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་གྲོས་མོལ་མ་བྱས་པར་ཌོ་ནལ་ཊོམ་གྱིས་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་མཉམ་འབྲེལ་དམག་སྦྱོང་མཚམས་བཞག་པ་ཡིན་ཞེས་བསྒྲགས། ཌོ་ནལ་ཊོམ་གྱིས་འདས་པའི་ལོ་ངོ་༧༠་ལྷག་ལ་ཨ་མི་རི་ཀ་དང་དཔུང་མ་མཉམ་གཤིབ་དང་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ཡུ་རོབ་རྒྱལ་ཁབ་ཁག་དང་ཁེ་ན་ཌ། ལྷོ་ཀོ་རི་ཡ་དང་ཉི་ཧོང་སོགས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་སྡུག་ཏུ་བཏང་ནས་ཨུ་རུ་སུ་དང་རྒྱ་ནག ཧྥི་ལི་ཕིན་དང་ཏུར་ཀི་སོགས་མི་གཅིག་དབང་འཛིན་གྱི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་བསྔགས་བརྗོད་དང་ཅི་མཛད་ལེགས་མཐོང་། ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་རང་གི་བདེ་འཇགས་སྲུང་སྐྱོབ་ལ་འགྲོ་གྲོན་གཏོང་གི་མི་འདུག ཁེ་ན་ཌ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཀྱང་རང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་འགྲོ་གྲོན་ཨ་མི་རི་ཀའི་སྟེང་དུ་གཡུགས་ནས་ཁེ་སང་ལེན་གྱིན་འདུག ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་དམག་དོན་འགྲོ་གྲོན་མང་ཙམ་གཏོང་དགོས། ཨ་མི་རི་ཀས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འགྲོ་གྲོན་ཆ་ཚང་འཁུར་ཐུབ་ཐབས་མེད་ཅེས་བྷ་ར་སིལ་སི་གྲོང་ཁྱེར་དུ་འཚོགས་འཆར་ཡོད་པའི་ཚོགས་འདུར་མ་ཕེབས་གོང་དུ་ཁྱབ་བསྒྲགས་བྱས་འདུག ཉམས་ཞིབ་པ་ཁག་ཅིག་གིས་ཨ་མི་རི་ཀས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་དམག་དོན་འགྲོ་གྲོན་སྤར་དགོས་ཟེར་པ་གློག་སྦར་བ་དང་ཟུམ་པ་ལྟར་འཕྲལ་དུ་བསྒྲུབ་ཐུབ་པ་ཞིག་མིན། སྲིད་འཛིན་ཌོ་ནལ་ཊོམ་གྱིས་གཏོང་དགོས་ཟེར་པའི་དམག་དོན་འགྲོ་གྲོན་དེ་འདྲ་ཞིག་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་ཀྱི་རྒྱལ་ཁབ་ཁག་གིས་བསྒྲུབ་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་ཡིན། གལ་སྲིད་འབྲེལ་ཡོད་རྒྱལ་ཁབ་དེ་དག་གིས་དམག་དོན་འགྲོ་གྲོན་སྤར་ཐུབ་ན་རྒྱལ་ཁབ་དེ་དག་སྔར་བཞིན་ཨ་མི་རི་ཀའི་ཕྱོགས་སུ་ལངས་ནས་དཔུང་པ་མཉམ་གཤིབ་བྱ་དགོས་དོན་མེད་ཅེས་དོགས་པ་བསླངས། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་རྗེས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གཉིས་ཧྥིན་ལན་ཌིའི་རྒྱལ་ས་ཧེལ་སིན་ཀིར་ཐུག་འཕྲད་གྲོས་མོལ་བྱ་རྒྱུ། ཌོ་ནལ་ཊོམ་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་ཐུག་འཕྲད་གྲོས་མོལ་བྱས་ནས་འབྲེལ་བ་ཡག་ཏུ་གཏོང་ཐབས་བྱེད་ཀྱི་ཡོད་པར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་བློ་འཚབ་བྱ་དགོས་པ་ཞིག་ཏུ་གྱུར། གལ་སྲིད་ཨུ་རུ་སུའི་ཉེ་འཁོར་དུ་ཆགས་པའི་རྒྱལ་ཁབ་ཁག་ལ་ཨུ་རུ་སུས་བཙན་འཛུལ་བྱས་ན་ཨ་མི་རི་ཀས་སྔར་བཞིན་རྒྱལ་ཁབ་དེ་ཚོར་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན་ངེས་གཏན་མེད་ཅིང་། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་བློ་འཚབ་གཞན་ཞིག་ནི་ཌོ་ནལ་ཊོམ་གྱིས་ཨུ་རུ་སུ་ལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཟླ་གྲོགས་གནས་བབ་སྤྲོད་སྲིད། ཨུ་རུ་སུ་ལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཟླ་གྲོགས་གནས་བབ་སྤྲད་ན་ཨ་མི་རི་ཀས་འགོ་ཁྲིད་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མཉམ་འབྲེལ་དམག་སྦྱོང་རྒྱུན་འཁྱོངས་བྱ་རྒྱུ་ཡིན་མིན་ངེས་གཏན་མེད་པས་ཨུ་རུ་སུ་ལ་རང་གི་ཉེ་འཁོར་གྱི་རྒྱལ་ཁབ་ཁག་ལ་བཙན་འཛུལ་བྱ་ཆིག་པའི་སྐབས་འཐོབ་སྲིད་དོ།།

XS
SM
MD
LG