ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་དཔལ་འབྱོར་དང་རྒྱ་གར་གྱི་ཤུགས་རྐྱེན།


༄༅།། རྒྱ་ནག་གིས་ཕུགས་རྒྱང་རིང་པོར་དམིགས་པའི་སྲིད་ཇུས་དེ་དག་ལེགས་འགྲུབ་བྱུང་ན་ཡུན་རིང་མི་འགོར་པར་རྒྱ་ནག་གི་མེ་འཁོར་ལྕགས་ལམ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་དྷུ་གྲོང་ཁྱེར་དུ་མཐུད་རྒྱུ་དང་རི་ལུང་གིས་མཐའ་བཞི་བསྐོར་པའི་བལ་ཡུལ་རྒྱལ་ཁབ་སྔར་བཞིན་རྒྱ་གར་གཅིག་པུར་སྙེས་མི་དགོས་པའི་འགྱུར་བ་ཞིག་ཐེབས་སྲིད། ཉེ་ཆར་བལ་ཡུལ་གྱི་སྲིད་བློན་ཨོ་ལི་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་རྒྱ་ནག་གིས་བོད་ཀྱི་སྐྱིད་གྲོང་ས་ཁུལ་ནས་བལ་ཡུལ་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་དང་བལ་ཡུལ་གྱི་རྒྱ་ལམ་དང་ཟམ་པ། གློག་ཁང་སོགས་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་ཁག་ལ་རྒྱ་ནག་གི་མ་རྩ་བཙུགས་ནས་ཡར་རྒྱས་གཏོང་རྒྱུ་སོགས་ཚུད་པའི་གྲོས་མཐུན་དོན་ཚན་༡༤་ལ་མིང་རྟགས་བཀོད་པས་བལ་ཡུལ་གྱི་ས་ཁམས་ཆབ་སྲིད་ལ་འགྱུར་ལྡོག་གསར་པ་ཞིག་དང་བལ་ཡུལ་སྔར་ལས་ལྷག་པའི་རྒྱ་ནག་གི་ཤུགས་རྐྱེན་འོག་ཏུ་ཚུད་རྒྱུ། རྒྱ་གར་གྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས། དཔལ་འབྱོར་དང་ཚོང་ལས་བཅས་ཀྱིས་དུས་རབས་མང་པོར་བལ་ཡུལ་ལ་འགྲན་ཟླ་མེད་པའི་ཤུགས་རྐྱེན་ཐེབས་པར་འགྲན་ཟླ་གསར་པ་ཞིག་འབྱུང་རྒྱུའི་རྣམ་པ་ཐོན་འདུག རྒྱ་ནག་གིས་བལ་ཡུལ་གཅིག་པུ་མིན་པར་སིང་ག་ལ་དང་མལ་དྷིབ། བྷང་ག་ལ་དང་པ་ཀི་སི་ཐན་སོགས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་འཛུགས་སྐྲུན་དང་ཚོང་ལས། དཔལ་འབྱོར་གྱི་འབྲེལ་བ་རྒྱ་སྐྱེད་གཏོང་གི་ཡོད་པར་རྒྱ་གར་གྱིས་ནམ་ཡང་སྣང་ཆུང་གཏོང་ཐབས་མེད་པ་ཞིག་ཏུ་གྱུར། སྤྱིར་རྒྱ་གར་གྱི་རང་དབང་དང་དམངས་གཙོ། གུ་ཡངས་ཀྱི་སྤྱི་ཚོགས་ལམ་ལུགས་དེ་ཉིད་རྒྱ་ནག་གི་གཅིག་སྡུད་རིང་ལུགས་དང་སྲིད་དབང་སྒེར་གཅོད་རིང་ལུགས་ལས་ཁྱད་དུ་འཕགས་པ་ཞིག་ཡིན་པ་བརྗོད་ཅི་དགོས། འོན་ཀྱང་བལ་ཡུལ་དང་རྒྱ་ནག་གི་གྲོས་མཐུན་དེས་སྔོན་ཆད་རྒྱ་གར་ལ་བརྟེན་པ་དང་རྒྱ་གར་གྱི་བཀོད་འདོམས་ལ་ཉན་དགོས་པའི་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཆུང་ཁག་ཚོར་རྒྱབ་བརྟེན་བཅོལ་ཡུལ་གསར་པ་ཞིག་དང་གདམ་ཀ་གསར་པ་ཞིག་ཡོད་པར་མ་ཟད། ལྷག་པར་དུ་དེང་རབས་ཀྱི་གྲུ་ཁ་གསར་པ་དང་དེང་རབས་ཀྱི་གནམ་ཐང་གསར་པ་། དེང་རབས་ཀྱི་གྲོང་ཁྱེར་དང་ཁང་ཆེན་ཐོག་བརྩེགས་ཅན། དྲང་ཐད་ཀྱི་རྒྱ་ལམ་ཁག་དང་ཡུལ་སྐོར་སྤྲོ་འཆམ་པ་འདུ་ཡུལ། དཔལ་འབྱོར་འཕེལ་རྒྱས་དང་རང་གི་ས་ཁུལ་དུ་གདེང་སྤོབས་ལྡན་པའི་རྒྱལ་ཁབ་ཅིག་ལ་འགྱུར་དུ་འཇུག་འདོད་ཡོད་ཚེ། རྒྱལ་ཁབ་དེ་དག་གིས་རྒྱ་གར་ལས་ཀྱང་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་བཏང་ན་དགེ་མཚན་ཡོད་པའི་བག་ཆགས་ཤིག་བཞག་འདུག སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་གར་གྱིས་རྒྱ་ནག་ལ་འགྲན་སྡུར་བྱ་དགོས་ན་རྒྱ་གར་ལ་རང་དབང་དང་དམངས་གཙོ། མི་དམངས་ལ་གཏམ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་། གསར་འགོད་རང་དབང་ལྡན་པ། རྒྱ་གར་གྱིས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་འཇོག་བྱེད་པ་དང་རྒྱ་གར་ལ་རང་བཙན་གྱིས་ཁྲིམས་འཛིན་ལམ་ལུགས་ཤིག་དར་ཡོད་པའི་རྩ་དོན་རྣམས་གཞི་རྩར་བཟུང་ནས་རྒྱ་ནག་གི་ཤུགས་རྐྱེན་འགོག་པ་དང་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་རྒྱ་གར་གྱི་འབྲེལ་བ་དང་ཤུགས་རྐྱེན་རྣམས་རྒྱུན་འཁྱོངས་བྱ་དགོས་ཞེས་བསྟན། དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་ནས་ཀྱང་རྟག་ཏུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སོང་སྟེ་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་ཞིག་མིན་ཞིང་། དཔེར་ན་འཛམ་གླིང་དངུལ་ཁང་གིས་ཞིབ་འཇུག་བྱས་པར་གཞིགས་ན་ལོ་རབས་༩༠་ནང་དུ་ལོ་ལྟར་རྒྱ་གར་གྱི་མི་ཞིག་ལ་ཆ་མཉམ་དཔལ་འབྱོར་ཡོང་འབབ་ཨ་སྒོར་༣༦༤་ཡོད་ཀྱང་རྒྱ་ནག་པ་ཞིག་ལ་ཆ་མཉམ་གྱི་དཔལ་འབྱོར་ཡོང་འབབ་ཨ་སྒོར་༣༡༨་ལས་མེད་པ་དང་། རྒྱ་ནག་གི་དམར་ཤོག་འགོ་ཁྲིད་ཚོས་རང་གི་དཔལ་འབྱོར་ལམ་ལུགས་མ་རྩ་རིང་ལུགས་ལ་བསྒྱུར་པ་དེ་འདྲ་ཞིག་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་རྒྱ་གར་གྱི་འགོ་ཁྲིད་ཚོས་བསྒྱུར་ཐུབ་མེད་ཅིང་། ལོ་བཞིའི་གོང་དུ་སྲིད་བློན་མོ་དྷིས་རྒྱ་གར་ལ་ཕྱོགས་ཡོངས་ནས་ལེགས་བཅོས་ཆེན་པོ་ཞིག་བཏང་ནས་རྒྱ་ནག་གི་རྗེས་ཟིན་ཐབས་བྱ་རྒྱུའི་དམིགས་ཚད་བཟུང་རུང་རྒྱ་གར་གྱི་དཔྱ་ཁྲལ་ལམ་ལུགས་དང་མ་རྩ་བརྡིབས་འགོག་གི་ཁྲིམས། རྒྱ་གར་གྱི་ལྐོག་ཟ་རུལ་སུངས་གཙང་སེལ་སོགས་ལ་ཡར་རྒྱས་ཀྱི་རྣམ་པ་ཞིག་ཅི་ཡང་མི་མངོན། ད་ལྟ་རྒྱ་གར་ལ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྟེ་ལོ་༧༡་འགྲོ་བཞིན་ཡོད་ཀྱང་ད་དུང་དུས་རབས་སྔོན་མའི་ལོ་རབས་༥༠་བའི་ནང་དུ་སྲིད་བློན་དང་པོ་ནེ་རུས་གཏན་ལ་ཕབ་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་འོག་ནས་ཐར་ཐུབ་ཀྱི་མེད་པ་དང་། དེང་སྐབས་རྒྱ་ནག་གི་མི་རེར་ལོ་ལྟར་ཆ་མཉམ་གྱི་དཔལ་འབྱོར་ཡོང་འབབ་ཨ་སྒོར་༨༡༠༠་ཡོད་པ་ནི་རྒྱ་གར་བ་ཞིག་གི་ལོ་རེའི་ཆ་མཉམ་དཔལ་འབྱོར་ཡོང་འབབ་ལས་ལྡབ་བཅུ་མང་པ་ཡིན་ཞིང་། མི་རེའི་ཆ་མཉམ་གྱི་དཔལ་འབྱོར་ཡོང་འབབ་ཀྱིས་རྒྱ་དཀར་ནག་གཉིས་ལ་ལོ་བཅུའི་ཡར་རྒྱས་དང་རྗེས་ལུས་ཀྱི་ཁྱད་པར་ཡོད་པ་མཚོན་ཐུབ། མདོར་ན་མི་འབོར་དུང་ཕྱུག་༡༣་ཡོད་པའི་རྒྱ་གར་མི་དམངས་ལ་རང་དབང་དང་དམངས་གཙོའི་ལམ་ལུགས་དེ་དགེ་མཚན་ཅན་ཞིག་ཡིན་རུང་རྒྱ་ནག་ལ་ཁ་གཏད་བཅགས་ནས་འགྲན་སྡུར་བྱ་དགོས་ན་རྒྱ་གར་གྱི་དམངས་གཙོའི་ལམ་ལུགས་དེས་སྔར་བཞིན་བལ་ཡུལ་དང་སིང་ག་ལ། བྷང་ག་ལ་སོགས་ལ་ཤུགས་རྐྱེན་ཐེབས་པའི་ནུས་པ་ཐོན་གྱི་མེད་པ་སྣང་ངོ་།།

XS
SM
MD
LG