ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་གྲྭ་རྒྱ་སྐྱེད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་ཕྱི་ཟླ་༦་པའི་ཚེས་༡༢་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སེངྒ་པུར་དུ་ཐུག་འཕྲད་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཉེན་ཀ་མེད་པར་གྱུར་ཡོད། ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་ད་ལྟ་ཨ་མི་རི་ཀའི་འཁོར་སྐར་གྱིས་བར་སྣང་ཁམས་ནས་བརྙན་པར་བླངས་པར་གཞིགས་ན་བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་ལས་གྲྭ་ཁག་ཡར་རྒྱས་གཏོང་གི་ཡོད་པ་སྟེ། ཡུང་བྷི་འོན་རྡུལ་ཕྲན་ཞིབ་འཇུག་ཁང་རྒྱ་སྐྱེད་ཀྱི་གོམ་སྟབས་བྲེལ་མྱུར་གྱིས་འཛུགས་སྐྲུན་བྱེད་ཀྱི་ཡོད་ཅིང། སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཉེན་ཀ་མེད་པར་གྱུར་ཡོད། ཁོ་ཚོས་རྡུལ་ཕྲན་མཚོན་ཆ་རྣམས་མེད་པར་གཏོང་རྒྱུའི་ཁས་ལེན་བྱས་སོང་ཞེས་འུར་སྒྲོགས་བྱས་པ་དང་རྒྱབ་འགལ་ཡིན་ཞིང་། ཨ་རིའི་བྷོལ་ཊི་མོར་གྲོང་ཁྱེར་དུ་ཚུགས་པའི་བྱང་ཕྱོགས་སོ་བརྒྱད་ཞིབ་འཇུག་ཁང་གིས་ཕྱི་ཟླ་༦་ཚེས་༢༡་ཉིན་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་གྲྭ་ཁག་བར་སྣང་ཁམས་ནས་འཁོར་སྐར་གྱིས་བརྙན་པར་བླངས་ཏེ། བྱང་ཀོ་རི་ཡའི་གཞུང་གིས་ཡུང་བྷི་འོན་རྡུལ་ཕྲན་ཞིབ་འཇུག་ཁང་རྒྱ་བསྐྱེད་ནས་འགྲིམ་འགྲུལ་གྱི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་བྱེད་ཀྱིན་འདུག འདི་ནི་ཀིམ་ཇུང་ཨུན་དང་བྱང་ཀོ་རི་ཡའི་གཞུང་ལ་རང་གི་རྡུལ་ཕྲན་ལས་གྲྭ་ཁག་སྒོ་བརྒྱབ་ནས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུའི་འདོད་པ་མེད་པའི་རྟགས་མཚན་ཡིན་སྲིད། བྱང་ཀོ་རི་ཡའི་རྒྱལ་ས་ཕིང་དབྱང་ནས་རྒྱང་ཁད་སྤྱི་ལེ་༦༠་ཡས་མས་ཤིག་གི་མཚམས་སུ་ཡོད་པའི་ཡུང་བྷི་འོན་རྡུལ་ཕྲན་ཞིབ་འཇུག་ཁང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་ས་གཙོ་བོ་ཞིག་ཡིན་པར་མ་ཟད། ཡུན་བྷི་འོན་རྡུལ་ཕྲན་ཞིབ་འཇུག་ཁང་གི་འཛུགས་སྐྲུན་རྒྱ་བསྐྱེད་ཀྱང་རྒྱལ་ཁབ་དེའི་མཐོ་རིམ་དམར་ཤོག་འགོ་ཁྲིད་ཚོས་ཐད་ཀར་བཀའ་བཏང་བ་ཞིག་རེད་ཅེས་གནས་ཚུལ་སྤེལ། ཟླ་བ་སྔོན་མར་བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་ལས་གྲྭ་གཏོར་བཤིག་བཏང་བ་ཡིན་ཞེས་ས་སྟོང་གི་ཁང་པ་འགའ་ཞིག་ལ་འབར་རྫས་བརྒྱབ་ནས་གཏོར་བཤིག་བཏང་བ་རྒྱལ་སྤྱིའི་གསར་འགོད་པ་ཚོར་བསྟན། ཡིན་ནའང་བྱང་ཀོ་རི་ཡའི་གཞུང་གིས་ཡུང་བྷི་འོན་རྡུལ་ཕྲན་ལས་གྲྭ་སྒོ་བརྒྱབ་མེད་ཅིང་། ཨ་མི་རི་ཀས་གྲོས་ཚོགས་འཐུས་མི་ཚོ་དང་གསར་འགྱུར་ལས་ཁང་ཁག སྲིད་དོན་ཉམས་ཞིབ་པ་ཚོས་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་དེར་ཞིབ་ཆ་ཅི་ཡང་མི་འདུག ཌོ་ནལ་ཊོམ་གྱིས་ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱས་ནས་བྱང་ཀོ་རི་ཡར་རྒྱལ་སྤྱིའི་ཐོག་ཏུ་ཆེ་མཐོང་ཐོབ་ཡོད་པ་དང་བྱང་ཀོ་རི་ཡས་ཨ་མི་རི་ཀ་དང་འདྲ་མཉམ་ཡིན་པའི་རྣམ་འགྱུར་སྟོན་ཐབས་བྱེད་ཀྱི་ཡོད་པའི་དམིགས་ཡུལ་གྲུབ་སོང་། ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གྱིས་མིང་རྟགས་བཀོད་པའི་གྲོས་མཐུན་དེར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་བའི་གོ་རིམ་དང་དུས་ཚོད་རྣམས་འཁོད་མི་འདུག ཐ་ན་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་ཅི་ཙམ་ཡོད་མེད་ཀྱང་ཁ་གསལ་མི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད། ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་སེངྒ་པུར་དུ་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྱང་ཀོ་རི་ཡར་ཕེབས་ཏེ་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམ་པས་མིང་རྟགས་བཀོད་པའི་གྲོས་མཐུན་ལག་ལེན་བསྟར་ཕྱོགས་ལ་གྲོས་མོལ་བྱས་ཀྱང་བྱང་ཀོ་རི་ཡ་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་བའི་དུས་ཚོད་གཏན་འབེབས་བྱ་རྒྱུར་མ་འཐད། དེར་བརྟེན་ཨ་རིའི་ཕྱི་སྲིད་དྲུང་ཆེས་བྱང་ཀོ་རི་ཡ་ངོ་མར་ལྷག་བསམ་རྣམ་དག་ཡིན་མིན་གྱི་ཉམས་ཚོད་ཙམ་ལས་ལེན་ཐུབ་མེད། ཨ་རི་དང་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་གྲོས་མཐུན་དེའི་ནང་དུ་བྱང་ཀོ་རི་ཡས་ལས་འགན་དུས་ཐོག་ཏུ་བསྒྲུབ་དགོས་ཞེས་འཁོད་མི་འདུག་ཅེས་བྱང་ཕྱོགས་སོ་བརྒྱད་ཞིབ་འཇུག་གིས་གནས་ཚུལ་སྤེལ། ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡའི་གཞུང་གིས་ཡུང་བྷི་འོན་རྡུལ་ཕྲན་ལས་གྲྭ་རྒྱ་སྐྱེད་ཀྱི་ཡོད་པར་གཞིགས་ན་བྱང་ཀོ་རི་ཡར་གཏན་ནས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་འཆར་གཞི་མེད་པ་མཚོན་ཐུབ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྒྱལ་ཁབ་དེའི་བདེ་འཇུགས་སྲུང་སྐྱོབ་ཀྱི་འགན་ལེན་ཁོ་ན་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG