ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་རྒྱ་ནག་ལ་བསྐྱར་དུ་སྒོ་ཁྲལ་སྤར་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཁ་སང་གཟའ་ཟླ་བའི་ཉིན་ཨ་རིས་མུ་མཐུད་དུ་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་དངོས་ཟོག་ལ་ཨ་སྒོར་དུང་ཕྱུར་སྟོང་ཕྲག་གཉིས་ཀྱི་སྒོ་ཁྲལ་བརྒྱ་ཆ་བཅུ་སྤར་རྒྱུ་ཡིན་པའི་ཐག་གཅོད་བྱུང་ཡོད་ཅེས་གསལ་བསྒྲགས་སྤེལ་། གལ་ཏེ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་ཁྲིམས་ཀྱི་འགྲོ་ལུགས་ཁག་གྲུབ་པའི་རྗེས་ལ་རྒྱ་ནག་གིས་ད་དུང་ཡང་ཨ་རིའི་དངོས་ཟོག་ལ་གསར་དུ་སྒོ་ཁྲལ་སྤར་ཡོད་པ་ཁག་ལ་འགྱུར་བ་མ་བཏང་བ་ཡིན་ན་གསལ་བསྒྲགས་སྤེལ་བའི་སྒོ་ཁྲལ་སྤར་རྒྱུའི་ནང་དོན་ཁག་ལག་བསྟར་བྱེད་རྒྱུ་ཡིན་པར་བརྗོད་འདུག ཨ་རིའི་སྲིད་འཛིན་གྱིས་བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་ནས་ཨ་རིར་ནང་འདྲེན་བྱེད་བཞིན་པའི་ཨ་སྒོར་དུང་ཕྱུར་ལྔ་བརྒྱའི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཅིང་། དེའི་ལན་དུ་རྒྱ་ནག་གིས་ཀྱང་ཨ་རི་ནས་རྒྱ་ནག་ལ་ནང་འདྲེན་བྱེད་བཞིན་པའི་དངོས་ཟོག་ཨ་སྒོར་དུང་ཕྱུར་ལྔ་བརྒྱའི་ཚད་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་ཨ་རི་ལ་ཡ་ལན་སློག་ཡོད་པའི་སྟབས་ཀྱིས་ཁ་སང་གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་གྱིས་དེ་ལ་ཡ་ལན་སློག་ནས་བསྐྱར་དུ་རྒྱ་ནག་གི་ཨ་སྒོར་དུང་ཕྱུར་ཉིས་སྟོང་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་བཅུ་སྤར་རྒྱུའི་ཐག་གཅོད་བྱས་འདུག ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གིས་ཨ་རིའི་རིག་གནས་ཐོན་རྫས་དང་ལག་རྩལ་གྱི་བདག་དབང་ལ་རྩིས་མེད་བྱེད་བཞིན་པ་སོགས་ཉོ་ཚོང་འདྲ་མཉམ་མིན་པའི་བྱ་སྤྱོད་དག་ལ་ད་དུང་ཡང་འགྱུར་བ་གཏོང་བཞིན་མེད་པར་བརྗོད་བཞིན་པར་མ་ཟད། གལ་སྲིད་རྒྱ་ནག་གིས་ད་དུང་སླར་ཡང་ཨ་རིར་ཡ་ལན་སློག་པ་ཡིན་ན་ཨ་རིས་མུ་མཐུད་དུ་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཨ་སྒོར་དུང་ཕྱུར་སྟོང་ཕྲག་གཉིས་ཀྱི་དངོས་ཟོག་ལ་བསྐྱར་དུ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་ཁ་སང་གཟའ་ཟླ་བའི་ཉིན་བརྗོད། དེ་བཞིན་རྒྱ་ནག་དབུས་ཚོང་དོན་ཁང་གི་མགྲིན་ཚབ་པས་ཀྱང་དེ་རིང་གཟའ་མིག་དམར་ཉིན་གསལ་བསྒྲགས་སྤེལ་ཏེ་ཨ་རིས་མེ་ཐོག་ཏུ་སྣུམ་བྱོ་ནས་རྒྱ་ནག་གི་དངོས་ཟོག་ལ་ཨ་སྒོར་དུང་ཕྱུར་ཉིས་སྟོང་གི་སྒོ་ཁྲལ་སྤར་རྒྱུའི་འཇིགས་སྐུལ་བྱེད་བཞིན་པ་སོགས་ནི་ཁ་གཡར་ས་བཙལ་ནས་བཙན་ཐབས་སྤྱོད་བཞིན་པ་ཞིག་དང་། ཨ་རིའི་བྱེད་སྟངས་འདི་དག་ནི་ཕྱོགས་གཉིས་ཀྱིས་ཐེངས་མང་པོར་གྲོས་མོལ་བྱས་པའི་ནང་དོན་ཁག་ལ་རྒྱབ་འགལ་བྱས་པ་རེད། གལ་སྲིད་ཨ་རིས་བསམ་ཤེས་མ་བྱས་པར་མུ་མཐུད་དུ་འདི་ལྟར་སྒོ་ཁྲལ་སྤར་བ་ཡིན་ན་རྒྱ་ནག་གིས་ཀྱང་མུ་མཐུད་དུ་གྲངས་ཚད་དང་སྤུས་ཚད་གཉིས་ཐད་ནས་ཡ་ལན་མི་སློག་རང་སློག་སུ་གྱུར་ཡོད་པས་ནུས་ཤུགས་གང་ཡོད་ཀྱིས་ངོ་རྒོལ་བྱ་རྒྱུ་ཡིན་ཅེས་བརྗོད་བཞིན་པ་རེད། ཨ་རི་དང་རྒྱ་ནག་གི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་ལ་ཁྱད་པར་ཆེན་པོ་ཤོར། ཨ་རིའི་ཚོང་དོན་འཐུས་ཚབ་ཚོགས་པས་ཨ་རི་དང་རྒྱ་ནག་གི་ཉོ་ཚོང་གི་ཁྱད་པར་བསྡོམས་རྩིས་བྱས་ཡོད་པ་ལྟར་ན་སྤྱི་ལོ་༢༠༡༦་ལོར་ཨ་རི་ནས་རྒྱ་ནག་ལ་ཕྱིར་གཏོང་བྱེད་བཞིན་པའི་དངོས་ཟོག་གི་ཚད་གཞི་ཨ་སྒོར་དུང་ཕྱུར་སྟོང་ཕྲག་གཅིག་དང་དྲུག་བརྒྱ་དགུ་བཅུ་གོ་བརྒྱད་ཀྱི་ཚད་ཡིན་ཞིང་། རྒྱ་ནག་ནས་ཨ་རིར་ཕྱིར་གཏོང་བྱེད་བཞིན་པའི་དངོས་ཟོག་གི་ཚད་གཞི་ཨ་སྒོར་དུང་ཕྱུར་སྟོང་ཕྲག་བཞི་དང་བདུན་བརྒྱ་བརྒྱད་བཅུ་གྱ་བརྒྱད་ཡིན། རྒྱ་ནག་གིས་ཨ་རིར་ཕྱིར་གཏོང་བྱེད་བཞིན་པའི་དངོས་ཟོག་གི་ཚད་གཞི་དེ་ཨ་རིས་རྒྱ་ནག་ལ་གཏོང་བཞིན་པའི་ཚད་གཞི་ལས་ལྡབ་གསུམ་མང་ཞིང་། བདུན་ཕྲག་སྔོན་མའི་གཟའ་མཇུག་ལ་ཨ་རི་དང་རྒྱ་ནག་གིས་སྒོ་ཁྲལ་སྤར་རྒྱུའི་མགོ་བརྩམས་པའི་རྗེས་ལ་ཨ་རིའི་མ་རྐང་གི་ཁྲོམ་ར་གློ་བུར་དུ་མར་ཆག་ཅིང་། ཚོང་གི་མ་རྩ་འཛུགས་མཁན་རྣམས་ཀྱིས་ཨ་རི་དང་རྒྱ་ནག་གི་ཉོ་ཚོང་གི་ཁྱད་པར་ལ་འགལ་ཟླ་ཆེ་རུ་ཕྱིན་ནས་ཕྱོགས་ཡོངས་ཀྱི་ཉོ་ཚོང་གི་རྩོད་གཞི་ཆེན་པོ་ཞིག་ལང་སྲིད་པར་བློ་འཚབ་ཆེན་པོ་བྱེད་ཀྱི་འདུག གཞན་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་མ་རྐང་ཁྲོམ་རའི་ཚད་གཞི་ཡང་མར་ཆག་མགོ་ཚུགས་ཏེ་ཧོང་ཀོང་དང་ཉི་ཧོང་གི་རྒྱལ་ས་ཀྲོག་ཁིའོ། རྒྱ་ནག་གི་ཧྲང་ཧེ་སོགས་སུ་མ་རྐང་མར་ཆག་ཡོད་པ་དང་། ཨ་རི་དང་རྒྱ་ནག་གི་འདྲ་མཉམ་མིན་པའི་ཉོ་ཚོང་གི་གནད་དོན་ཐག་གཅོད་ཡོང་ཆེད་ཕྱོགས་གཉིས་ཀྱི་མཐོ་རིམ་ཚོང་དོན་དཔོན་རིགས་ཁག་གིས་ཐེངས་གསུམ་ལ་གྲོས་མོལ་བྱས་ཀྱང་གནད་དོན་ཐག་གཅོད་ཡོང་ཐུབ་མེད་པར་སྔར་བཞིན་སྡུག་ནས་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་སུ་གྱུར་ཡོད་པ་རེད།།

XS
SM
MD
LG