ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཌོ་ནལ་ཊོམ་གྱིས་བྱང་ཀོར་གུ་བཤངས་བྱ་སྲིད།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀའི་ཕྱི་འབྲེལ་ལམ་སྲོལ་ལ་མི་མཐུན་པ་དང་ཕྱོགས་གཉིས་གྲོས་མཐུན་གང་ཡང་མ་བྱུང་བར་བདུན་ཕྲག་རྗེས་མར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིང་ག་པུར་དུ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་སྟེ། སྲིད་འཛིན་ཌོ་ནལ་ཊོམ་རང་ཉིད་ཀྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་གྲོས་མོལ་ཇི་ལྟར་བྱ་དགོས་པའི་གཙོ་འགན་འཁུར་རྒྱུ་ཡིན་ཟེར་གྱི་ཡོད་པ་དང་། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་རྡུལ་ཕྲན་མཚོན་ཆའི་ལས་གྲྭ་ཁག བྱང་ཀོ་རི་ཡའི་རྒྱང་འཕེན་མེ་ཤུགས་འཕུར་མདེལ་རྣམས་མེད་པར་གཏོང་རྒྱུའི་ཁས་ལེན་ཅི་ཡང་མ་བྱས་གོང་དུ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡར་གུ་བཤངས་ཐལ་དྲགས་པ་ཞིག་བྱ་སྲིད་སྙམ་པའི་བློ་འཚབ་བྱེད་ཀྱི་ཡོད་ཅིང་། ཨ་མི་རི་ཀའི་ཤུལ་བཞག་ཐེབས་རྩ་ཁང་གི་ཉམས་ཞིབ་པ་བྷུ་རུ་སི་ཁེ་ལིང་ནེར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་མ་བྱས་གོང་དུ་བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་ཀྱང་ཌོ་ནལ་ཊོམ་གྱིས་སྔོན་ལ་བྱང་ཀོ་རི་ཡར་དཔལ་འབྱོར་རོགས་རམ་སྤྲོད་པ་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ཕྱིར་འཐེན་བྱས་ནས་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་ཟེར་སྲིད་པའི་ཉེན་ཀ་འབྱུང་སྲིད། འདི་ནི་ཁྲིམས་འགལ་ཉེས་ཅན་པ་ཞིག་ལ་ངས་ཁྱོད་ལ་ལེགས་སྐྱེས་སྟེར་ཆོག ཁྱོད་ཀྱིས་ཁྲིམས་འགལ་མ་བྱ་ཞེས་ཁྲིམས་འཛིན་པ་ཚོས་གུ་བཤངས་བྱས་པ་དང་གཅིག་མཚུངས་ཡིན་པས་བྱང་ཀོ་རི་ཡར་དེ་ལྟར་བྱས་ན་ཕན་ཐོགས་མེད། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཡོངས་སུ་རྫོགས་པ་མེད་པར་གཏོང་དགོས་པ་དང་མེད་པར་བཏང་བ་ངེས་གཏན་ཐུབ་པ། བྱང་ཀོ་རི་ཡ་སླར་ཡང་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུའི་ཕྱོགས་སུ་ཕྱིར་ལོག་མི་ཐུབ་པ་ཞིག་ཏུ་བསྒྱུར་དགོས་པའི་ལངས་ཕྱོགས་དེ་ཉིད་བློས་གཏོང་མི་ཉན་ཞེས་ནན་བརྗོད་བྱས་འདུག ད་ལྟ་ཕོ་བྲང་དཀར་པོར་བྱང་ཀོ་རི་ཡར་ལངས་ཕྱོགས་མཁྲེགས་པོ་འཛིན་མཁན་གཙོ་བོ་ཞིག་ཡོད་པ་ནི་སྲིད་འཛིན་ཌོ་ནལ་ཊོམ་གྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོན་ཡིན་ཞིང་། ཁོང་གི་ལྟ་ཚུལ་རྣམས་ཉེ་དུས་ཤིག་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཟིལ་གྱིས་མནན་ནས་བྱང་ཀོ་རི་ཡ་དང་ཨ་མི་རི་ཀས་གྲོས་མཐུན་ཞིག་འཇོག་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པར་མ་ཟད། ཕྱི་ཟླ་༦་ཚེས་༡༢་ཉིན་ཇཱོན་བྷོལ་ཊོན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཉིས་ཀ་སྲིད་འཛིན་ཌོ་ནལ་ཊོམ་གྱི་ལྷན་དུ་སིང་ག་པུར་ལ་ཕེབས་ཀྱི་ཡོད་པ་དང་། བདུན་ཕྲག་སྔོན་མ་བར་དུ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཡོངས་སུ་རྫོགས་པ་མེད་པར་གཏོང་དགོས་པ་དང་མེད་པར་བཏང་བ་ངེས་གཏན་ཐུབ་པ། བྱང་ཀོ་རི་ཡ་སླར་ཡང་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུའི་ཕྱོགས་སུ་ཕྱིར་ལོག་མི་ཐུབ་པ་ཞིག་ཏུ་བསྒྱུར་དགོས་པའི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་མོད། འོན་ཀྱང་གཟའ་འཁོར་སྔོན་མ་ནས་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རིམ་བཞིན་མེད་པར་གཏོང་དགོས་པ་དང་སིང་ག་པུར་གྱི་ཐུག་འཕྲད་གྲོས་མོལ་དེར་གྲུབ་འབྲས་ཆེན་པོ་ཞིག་འཐོན་ཐུབ་རྒྱུའི་རེ་བ་འཆང་གི་མེད་ཅེས་སྐད་ཆ་བཤད་སྟངས་ལ་འགྱུར་བ་བཏང་སྟེ། རྒྱལ་སྤྱིའི་ཐོག་ཏུ་བྱང་ཀོ་རི་ཡར་གནོན་ཤུགས་ཚད་མཐོ་ཤོས་ཤིག་སྤྲོད་དགོས་ཟེར་པའི་བརྗོད་ཚིག་ཁག་གླེང་གི་མེད་པ་དང་། རྒྱལ་སྤྱིའི་ཐོག་ཏུ་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་གནོན་ཤུགས་ཚད་མཐོ་ཤོས་ཤིག་སྤྲད་པ་དང་རྒྱ་ནག་གིས་ཀྱང་བྱང་ཀོ་རི་ཡར་ཚོང་འབྲེལ་བཅད་པའི་རྗེས་སུ་ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡར་འབྲེལ་བ་ཡར་རྒྱས་བཏང་ནས་ཨ་མི་རི་ཀར་གྲོས་མོལ་བྱ་དགོས་བྱུང་ཞིང་། ཤུལ་བཞག་ཐེབས་རྩ་ཁང་གི་ཉམས་ཞིབ་ཁེ་ལིང་ནེར་གྱིས་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀའི་ལངས་ཕྱོགས་སླ་རུ་བཏང་སོང་། དེར་བརྟེན་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྲིད་གཞུང་འདིར་བྱང་ཀོ་རི་ཡར་འཛིན་པའི་སྲིད་ཇུས་གསལ་བོ་ཞིག་ཡོད་མེད་དང་། ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡར་ལྷོད་ལྷོད་བྱས་ནས་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་ཆོག་ཟེར་གྱི་ཡོད་པའི་བརྡ་ཞིག་གཏོང་གི་མེད་དམ་སྙམ་པའི་དོགས་པ་ཡོད་ཅེས་བཤད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་སྲིད་གཞུང་མགོ་རྟིང་སློག་རྒྱུ་མིན་པ་དང་དཔལ་འབྱོར་རོགས་རམ་སྤྲོད་རྒྱུ། ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་ཕྱི་འབྲེལ་འཛུགས་ཆོག་ཟེར་གྱི་ཡོད་རུང་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་༢༨༠༠༠་ཡོད་པ་རྣམས་ཕྱིར་འཐེན་བྱ་རྒྱུ་མིན་པའི་རྣམ་འགྱུར་བསྟན། ད་ཐེངས་ཀྱི་ཐུག་འཕྲད་གྲོས་མོལ་རྗེས་སུ་ཀིམ་ཇུང་ཨུན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་བྱང་ཀོ་རི་ཡའི་རྒྱལ་ས་ཕིང་དབྱང་ལ་གདན་འདྲེན་ཞུ་སྲིད་པ་དང་། ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ཨ་མི་རི་ཀར་མགྲོན་འབོད་བྱས་ནས་ཨ་རིའི་ཧྥུ་ལོ་རི་ཌ་མངའ་སྡེའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་མཱ་ར་ལ་གོ་སྤྲོ་སྐྱིད་ཁང་དུ་གདན་འདྲེན་ཞུ་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་པ་དང་། ད་སྔ་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀས་སྲིད་འཛིན་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཀྱི་གྲོས་གཞི་ཅི་ཡིན་ཕྱིར་བསྒྲགས་བྱེད་ཀྱི་མེད་པ་རེད།།

XS
SM
MD
LG