ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཚན་རིག་པ་ཞིག་གིས་རང་གི་ཚེ་ཡི་འདུ་བྱེད་སྡུད་དུ་བཅུག་པ།


༄༅།། ཌི་ཝྭི་ཌི་གུ་ཌི་ཨོལ་ཞེས་པ་ནི་ལོ་ན་༡༠༤་ལ་སོན་པའི་ཨོ་གླིང་རྒྱལ་ཁབ་ཀྱི་ཚན་རིག་པ་གྲགས་ཅན་ཞིག་ཡིན། ཉེ་ཆར་ཁོང་ཨོ་གླིང་ནས་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིར་ཕེབས་ཏེ་རང་ལ་སྨན་ཁབ་རྒྱག་ཏུ་བཅུག་ནས་ལྔ་ལམ་དུ་མངོན་པར་ཕྱོགས་རྒྱུའི་ཐག་བཅད། ཕྱི་ཟླ་༥་ཚེས་༡༠་ཉིན་རྒྱལ་སྤྱིའི་འཆི་ཆོག་ཐོབ་ཐང་ཚོགས་པས་ཚན་རིག་པ་གུ་ཊི་ཨོལ་གྱིས་རང་གི་ཚེ་ཡི་འདུ་བྱེད་སྡུད་དུ་བཅུག་པས་མར་མེ་ཟུམ་པ་ལྟར་ལྔ་ལམ་དུ་ཕྱོགས་སོང་ཞེས་གནས་ཚུལ་སྤེལ་འདུག ཌི་ཝྭི་ཌི་གུ་ཌི་ཨོལ་ནི་འཛམ་གླིང་གི་སྐད་གྲགས་ཅན་གྱི་སྐྱེ་ཁམས་རིག་པ་བ་ཞིག་དང་རྩྭི་ཤིང་རིག་པ་བ་ཞིག་ཡིན་པ་དང་། ཁོང་ལ་བཅོས་ཐབས་བྲལ་བའི་ནད་རིགས་ཅི་ཡང་མེད་ཀྱང་ལོ་ན་མཐོ་དྲགས་པ་དང་འཚོ་བ་དོན་སྙིང་ལྡན་པ་ཞིག་རོལ་ཐུབ་རྒྱུ་དཀའ་ངལ་ཇེ་ཆེར་སོང་སྟེ། ཁོང་གི་རྣམ་རིག་གསལ་བོ་ཡོད་དུས་དང་ཨོ་གླིང་ནས་ཡུ་རོབ་བར་དུ་འགྲིམ་འགྲུལ་བྱེད་པའི་གོ་སྐབས་བཟུང་ནས་རང་གི་མིའི་ཚེའི་མངོན་འདོད་རྣམས་ཡོངས་སུ་གྲུབ་པའི་ངང་དུ་རང་སྲོག་གཅོད་དུ་བཅུག་ནས་ཚེ་ཡི་འདུ་བྱེད་སྡུད་དུ་འཇུག་རྒྱུའི་ཐག་བཅད་ཅིང་། འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བར་སྐྱེ་བོ་གང་ཞིག་ལ་རང་སྲོག་གཅོད་དུ་བཅུག་ནས་འཆི་འདོད་ཡོད་ཀྱང་སྨན་ཁང་དང་འཆི་སྒུག་ཁང་བཅས་ཀྱིས་མི་དེའི་འདོད་མོས་ལྟར་སྨན་ཁབ་བརྒྱབ་ནས་འཆི་རུ་འཇུག་ཆོག་གི་མེད་པ་མ་ཟད། མི་ལ་སྨན་ཁབ་བརྒྱབ་ནས་རང་སྲོག་གཅོད་རོགས་བྱས་པ་ཁྲིམས་ལུགས་དང་སྲོལ་རྒྱུན། ཀུན་སྤྱོད་དང་མིའི་འདུ་ཤེས་བཅས་ལ་མཐུན་གྱི་ཡོད་མེད་ཐད་དུ་འཛམ་གླིང་ཡུལ་གྲུ་གང་སར་རྩོད་པ་ཆེན་པོ་ཡོད་པ་རེད། ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིར་རང་མོས་སྲོག་གཅོད་ཁང་སྒོ་འབྱེད་ཆོག་པ་དང་། རྒྱལ་ཁབ་དེའི་ཁྲིམས་ཀྱིས་ཕྱི་རྒྱལ་བ་ཚོར་རང་མོས་ཀྱིས་འཆི་ཆོག་པའི་ཐོབ་ཐང་ཡོད་པར་བཀག་འགོག་མེད་པས་ལོ་ལྟར་འཛམ་གླིང་གི་སྐྱེ་བོ་ཇི་སྙེད་ཅིག་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིར་བསྐྱོད་ནས་རང་མོས་ཀྱིས་ཚེ་ཡི་འདུ་བྱེད་སྡུད་དུ་འཇུག་གི་ཡོད་ཅིང་། ཚན་རིག་པ་གུ་ཌི་ཨོལ་མ་ཤི་སྔོན་དེར་སྤྱི་དམངས་ཀྱི་མིག་ལམ་དུ་མཐའ་མཇུག་ཐོན་ཏེ་ང་འཆི་འདོད་ཡོད་པར་སྤྱི་དམངས་ཀྱིས་རྩོད་སྡུར་ཆེན་པོ་བྱེད་ཀྱི་ཡོད་པ་ཡ་མཚན་དགོས་པ་ཞིག་རེད། ང་ལ་སྔར་རྒྱུན་བཞིན་མི་ཚེ་མཇུག་སྐྱོང་བྱས་ནས་འཚོ་གནས་བྱ་འདོད་མེད། ངའི་ལོ་ཚད་དམ། ཡང་ན་ང་ལས་གཞོན་པ་ཚོར་འཆི་གསོན་གྱི་རང་དབང་སྟེར་དགོས། ང་དུས་ནམ་ཞིག་འཆི་འདོད་ཡོད་པ་ནི་ངའི་རང་དབང་དང་ཐོབ་ཐང་ཡིན་ཞེས་བཤད་པ་དང་། དེར་བརྟེན་གཟའ་ཕུར་བུའི་ཉིན་འཛམ་གླིང་གཅིག་གྱུར་གྱི་ཆུ་ཚོད་༡༠་དང་ཕྱེད་ཀའི་ཐོག་ཏུ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་སྐྱེས་པའི་ཚན་རིག་པ་དེར་དབུགས་རླངས་ཤིག་འབྱིན་རྔུབ་བྱེད་དུ་བཅུག་ནས་ན་ཟུག་སོགས་ཅི་ཡང་མེད་པར་འདས་གྲོངས་སུ་གྱུར་སོང་ཞེས་རྒྱལ་སྤྱིའི་འཆི་ཆོག་ཐོབ་ཐང་ཚོགས་པས་གནས་ཚུལ་སྤེལ་འདུག ཚན་རིག་པ་དེའི་མཐའ་མཇུག་གི་དུས་སུ་འཛམ་གླིང་གི་སྒྲ་དབྱངས་རྩོམ་པ་པོ་གྲགས་ཅན་བྷི་ཐོ་ཨོ་ཝྭིན་གྱིས་བདེ་སྐྱིད་བསྟོད་དབྱངས་མཉན། ཉ་ཤ་དང་ཞོག་ཁོག་ལྷེབ་མོ། ཕྱུ་རའི་སྒོང་བག་བཅས་བཟོས་ནས་མི་ཚེ་མཇུག་བསྡུས། ཚན་རིག་པ་གུ་ཌི་ཨོལ་གྱི་མི་ཚེ་ཕལ་མོ་ཆེ་ཨོ་གླིང་རྒྱལ་ཁབ་ཀྱི་ནུབ་ཕྱོགས་སུ་ཕཱར་ཐེ་གྲོང་གི་ཁང་ཆུང་དེར་ཟད། ༡༩༧༩་ལོར་ཚན་རིག་པ་དེ་བགྲེས་ཡོལ་དུ་ཕེབས་ཀྱང་ཆེད་ལས་མཇུག་སྐྱོང་གནང་རྒྱུ་མཚམས་མ་ཆད། ཚན་རིག་པ་དེའི་མཛད་རྗེས་ལ་མཚོན་ན་འཛམ་གླིང་སྐྱེ་ཁམས་སྐོར་གྱི་དེབ་ཕྲེང་༣༠་ཐམ་པར་ཞུ་དག་དང་ཨོ་གླིང་རྒྱལ་ཁབ་ཀྱི་ཚན་རིག་པའི་མཁས་མཛངས་མཐུན་ཚོགས་ཀྱི་ཚོགས་མིར་གྱུར། ཁོང་གིས་ང་རང་ཡུལ་ནས་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིར་རང་སྲོག་བཅད་ནས་འཆི་རུ་འགྲོ་དགོས་པར་དགའ་མོས་བྱུང་མེད་པ་དང་། ཁོང་གིས་ཨོ་གླིང་རྒྱལ་ཁབ་ཀྱི་མངའ་སྡེ་གཅིག་ལ་མ་གཏོགས་བཅོས་ཐབས་བྲལ་བའི་ནད་པ་ཚོ་རང་སྲོག་བཅད་ནས་འཆི་ཆོག་ཁྲིམས་མི་འདུག་ཅེས་འཁང་ར་བཤད་འདུག ༡༩༤༢་ནས་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིར་ཕྱི་རྒྱལ་བ་ཚོར་རང་མོས་ཀྱིས་སྨན་ཁབ་རྒྱག་ཏུ་བཅུག་ནས་ཚེ་ཡི་འདུ་བྱེད་སྡུད་དུ་འཇུག་གི་འདུག་ལ། ད་དུང་ནེ་དྷར་ལན་ཌི་དང་བྷེལ་ཇེམ། ཀོ་ལིམ་བྷི་ཡ། ཁེ་ན་ཌེ། ཨ་མི་རི་ཀའི་མངའ་སྡེ་དྲུག་གིས་བཅོས་ཐབས་བྲལ་བའི་ནད་པ་ཚོར་རང་སྲོག་གཅོད་འདོད་ཡོད་ན་ནད་པ་དེར་རང་སྲོག་བཅད་ནས་ཚེ་ཡི་འདུ་བྱེད་སྡུད་དུ་འཇུག་ཆོག་པའི་ཁྲིམས་གཏན་འབེབས་དང་མཐུན་རྐྱེན་བསྐྲུན་གྱི་ཡོད་པ་རེད།།

XS
SM
MD
LG