ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

ཝུའུ་ཞོ་ཧོས་ལ་ལོ་༡༨་ཁྲིམས་ཆད་བཅད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


དེ་རིང་སྤྱི་ཚེས་༡༠་ཉིན་རྒྱ་ནག་གི་ཨཱན་པང་ཟེར་པའི་བཟོ་ཚོང་ཁང་ཆེ་གྲས་དེ་གསར་འཛུགས་བྱེད་མཁན་ཚོང་པ་མིང་གྲགས་ཅན་ཝུའུ་ཞོ་ཧོས་ལ་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ལོ་༡༨་ཀྱི་དུས་བཀག་བཙོན་འཇུག་དང་ལོ་༤་ལ་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ། རྒྱ་སྒོར་དུང་ཕྱུར་༡༠༥་མ་རྩ་ཡོད་པའི་རྒྱུ་དངོས་རྣམས་གཞུང་བཞེས་གཏོང་དགོས་པའི་ཉེས་ཆད་བཅད་འདུག ཐེངས་འདིར་ཝུའུ་ཞོ་ཧོས་ཀྱི་རྒྱ་སྒོར་དུང་ཕྱུར་༡༠༠་ལྷག་གི་རྒྱུ་དངོས་གཞུང་བཞེས་བྱས་པ་ནི་རྒྱ་ནག་དམར་ཕྱོགས་ཚོགས་པའི་སྲིད་གཞུང་བཙུགས་པའི་ཚུན་ཆད་དུ་ཉེས་ཅན་ཞིག་གི་ལག་ནས་རྒྱུ་དངོས་གཞུང་བཞེས་བྱས་པ་ཆེས་མང་ཤོས་ཡིན་ཞིང་། རྒྱ་ནག་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་ལྟར་ན་ཁྲིམས་ཁང་གིས་ཞིབ་བཤེར་བྱས་ཏེ་ད་ལྟའི་བར་ཝུའུ་ཞོ་ཧོས་ཀྱིས་གསང་བའི་ཐོག་ཏུ་བཟོ་ཚོང་ཁང་གི་དབང་ཆ་ལོག་སྤྱོད་བྱས་ཡོད་པ་དང་། སྤྱི་ལོ་༢༠༡༡་ལོ་ནས་བཟུང་སྟེ་ངན་སྐུལ་གྱི་འོག་ཏུ་ཡིག་ཆ་རྫུན་མ་སྣ་ཚོགས་བཟོ་རུ་བཅུག་སྟེ་བཟོ་ཚོང་ཁང་གི་འགྲོ་ལུགས་ཁག་ཅིག་ལ་གང་བྱུང་གིས་འགྱུར་བ་བཏང་བ། གཞན་ཡང་རྩིས་ཁྲ་རྫུན་མ་བཟོ་རུ་བཅུག་སྟེ་བཟོ་ཚོང་ཁང་གི་ལས་སྒོ་ཁག་གི་དངུལ་སྒོར་གཏོང་ཡོང་དང་སྤར་གཅོག་སོགས་ཀྱི་ཐད་དུ་ལས་ཁུངས་དང་སྤྱི་ཚོགས་ཡོངས་ལ་མགོ་སྐོར་བཏང་བ་སོགས་ཀྱི་ཁྲིམས་འགལ་བྱས་འདུག་ཅེས་བརྗོད་ཡོད་པ་རེད། ཉེ་ཆར་སྤྱི་ཟླ་༣་པའི་ཚེས་༢༨་ཉིན་ལུའུ་ཞོ་ཧུས་ཀྱི་ཉེས་དོན་ལ་ཁྲིམས་ཁང་གིས་བསྐྱར་ཞིབ་བྱས་ནས་ཉེས་པ་རྣམས་གསལ་བསྒྲགས་བྱས་དུས་ལུའུ་ཞོ་ཧོས་ཀྱིས་རང་གི་བྱས་ཉེས་ལ་འགྱོད་པ་སྐྱེས་ཡོད། ངས་རང་གི་ཉེས་པ་རྣམས་ངོས་ཟིན་ནས་འགྱོད་བཤགས་བྱེད་ཀྱིན་ཡོད་ཅེས་བཤད་པ་མ་ཟད། ཁོ་པས་ཁྲིམས་ཁང་དང་འབྲེལ་ཡོད་ཀྱི་མི་སྣ་ཚོར་ང་ལ་ཁྲིམས་ཆད་ཡང་མོ་ཞིག་གཅོད་རོགས་ཞེས་ཞུ་བ་འཐེན་པ་རེད་ཟེར་པའི་གནས་ཚུལ་ཞིག་ཀྱང་རྒྱ་ནག་གི་དབུས་གཞུང་བརྙན་འཕྲིན་ཁང་གིས་བསྒྲགས། ན་ནིང་སྤྱི་ལོ་༢༠༡༧་ལོའི་ཟླ་༦་པའི་ཚེས་༡༤་ཉིན་ཨྰན་པང་བཟོ་ཚོང་ཁང་གི་གཞུང་འབྲེལ་དྲྭ་ཚིགས་སུ་བཟོ་ཚོང་ཁང་དེའི་འགན་འཛིན་ཝུའུ་ཞོ་ཧོས་སྒེར་གྱི་གནས་ཚུལ་ཞིག་གིས་རྐྱེན་པས་མུ་མཐུད་དུ་བཟོ་ཚོང་ཁང་གི་ལས་འགན་རྒྱུན་སྐྱོང་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་བཀོད། སྐབས་དེར་ཨ་རིའི་ནེའུ་ཡོག་དུས་བབ་ཚགས་པར་ལ་ཝུའུ་ཞོ་ཧོས་པེ་ཅིང་གི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ཧྲང་ཧེའི་ཉེན་རྟོག་པར་རྩིས་སྤྲད་ནས་སྟངས་འཛིན་བྱེད་བཞིན་འདུག ཨྰན་པང་བཟོ་ཚོང་ཁང་གི་འགན་འཛིན་མི་སྣ་གཞན་པ་མང་པོ་ཞིག་ཀྱང་སྐབས་དེར་འཛིན་བཟུང་བྱས་ནས་ཧྲང་ཧེ་གྲོང་ཁྱེར་དུ་བཀག་ཉར་བྱས་པའི་གནས་ཚུལ་སྤེལ་ཡོད་པ་རེད། སྤྱི་ལོ་༢༠༡༨་ལོའི་ཟླ་༢་པའི་ཚེས་༢༣་ཉིན་ལུའུ་ཞོ་ཧོས་ལ་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དངུལ་སྒོར་གཡོ་ལེན་བྱས་པ་དང་དབང་ཆ་བཙན་བཟུང་བྱས་པའི་ནག་ཉེས་ཐོག་ཏུ་གཞུང་འབྲེལ་གྱིས་ཁྲིམས་ལ་གཏུགས། དུས་དེ་ནས་བཟུང་སྟེ་ཨྰན་པང་བཟོ་ཚོང་ཁང་གི་བདག་གཉེར་གྱི་འགན་ཁུར་ལོ་གཅིག་གི་རིང་ལ་རྒྱ་ནག་དབུས་གཞུང་ཉེན་སྲུང་ལྟ་རྟོག་བདག་གཉེར་ལྷན་ཚོགས་ཀྱིས་ལེན་རྒྱུ་ཐག་བཅད། ད་ཐེངས་ཁོ་པར་རྒྱུ་དངོས་གཡོ་ལེན་བྱས་པ་དང་གོ་གནས་བཙན་བཟུང་བྱས་པའི་ཉེས་མིང་གི་འོག་ཏུ་ཁྲིམས་ཐག་བཅད། ཝུའུ་ཞོ་ཧོས་ནི་སྔོན་ཆད་རླངས་འཁོར་ཚོང་འགྲེམ་དྲིལ་སྒྲོགས་བྱེད་མཁན་ཞིག་ཡིན་པ་དང་ཕྱིས་སུ་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་འདས་པོ་ཏིང་ཞའོ་ཕིང་གི་ཚ་མོ་ཞིག་ལ་གཉེན་བསྒྲིགས། སྤྱི་ལོ་༢༠༠༨་ལོའི་རྒྱ་ནག་གི་དངུལ་རྩའི་ཉམས་ཉེན་གྱི་རྗེས་སུ་རྒྱ་ནག་གི་དངུལ་ཁང་ཁག་ནས་དངུལ་སྒོར་མང་པོ་བསྐྱི་རྒྱུའི་གོ་སྐབས་བྱུང་སྟེ་ཝུའུ་ཞོ་ཧོས་ཀྱིས་ཀྱང་རྒྱ་ནག་གཞུང་གི་དངུལ་ཁང་ཁག་ནས་སྐྱེད་ཀ་དམའ་བའི་བུ་ལོན་མང་པོ་བླངས་ཏེ་ཕྱིའི་རྒྱལ་ཁབ་ཁག་ཏུ་མགྲོན་ཁང་དང་གློག་བརྙན་ཁང་། རྐང་གྲུག་རྩེད་ས་སོགས་མང་པོ་གཉེར་འཛིན་དང་རྗེས་སུ་རྒྱ་ནག་གི་ཉེན་སྲུང་བཟོ་ཚོང་ཁང་ཆེ་ཤོས་སྟེ། ཨྰན་པང་ཉེན་སྲུང་བཟོ་ཚོང་ཁང་འཛུགས་གཉེར་བྱས་ཤིང་། བཟོ་ཚོང་ཁང་དེ་བཙུགས་ནས་ལོ་བཅུའི་རྗེས་སུ་བཟོ་ཚོང་ཁང་དེར་མ་རྩ་རྒྱ་སྒོར་དུང་ཕྱུར་༥་ཡོད་པ་རྒྱ་སྒོེར་དུང་ཕྱུར་༧༠༠༠་ལ་འཕར་ཡོད་པ་རེད།།

XS
SM
MD
LG