ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རི་ཨི་རན་གྱི་གྲོས་མཐུན་ཁོངས་ནས་ཕྱིར་འཐེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀ་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་བྱེད་པའི་རྒྱལ་སྤྱིའི་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན། ༢༠༡༥་ལོར་སྲིད་འཛིན་ཨོ་བྷ་མའི་དུས་སུ་བཞག་པའི་གྲོས་མཐུན་འདིས་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་ཀྱི་ཡོད་པ་འགོག་མི་ཐུབ། ཨ་མི་རི་ཀས་སྔར་བཞིན་ཨི་རན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་ནས་རྒྱལ་ཁབ་དེའི་རྡུལ་ཕྲན་མཚོན་ཆ་དང་རྒྱང་འཕེན་མེ་ཤུགས་འཕུར་མདེལ་གྱི་ལས་གཞི་རྣམས་མཚམས་འཇོག་བྱེད་དུ་འཇུག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག འོན་ཀྱང་ཨ་མི་རི་ཀའི་མཉམ་དུ་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་བྱེད་པའི་རྒྱལ་སྤྱིའི་གྲོས་མཐུན་དེར་མིང་རྟགས་འགོད་མཁན་གྲས་སུ་འཇར་མན་ཎི་དང་ཧྥ་རན་སི། དབྱིན་ཇི་དང་ཨུ་རུ་སུ། རྒྱ་ནག་བཅས་ཡོད་པ་དེ་དག་གིས་སྔར་བཞིན་རྒྱལ་སྤྱིའི་གྲོས་མཐུན་དེར་རྩ་འཛིན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་དང་ཨི་རན་གཞུང་གིས་ཨ་མི་རི་ཀ་རྒྱལ་སྤྱིའི་གྲོས་མཐུན་ཞིག་གི་ཁོངས་ནས་ཕྱིར་འཐེན་བྱས་པ་ཧ་ཅང་ཐབས་རྡུགས་ཤིག་ཡིན། མ་འོངས་པར་རྒྱལ་སྤྱིའི་ཐོག་ཏུ་ཨ་མི་རི་ཀར་ཡིད་ཆེས་དང་གདེང་འཇོག་འཐོབ་མི་སྲིད། ཨི་རན་གྱིས་ཨ་མི་རི་ཀ་མ་ཡིན་པའི་རྒྱལ་སྤྱིའི་གྲོས་མཐུན་དེར་མིང་རྟགས་འགོད་མཁན་རྒྱལ་ཁབ་ཁག་ལ་གྲོས་བསྡུར་བྱས་ནས་གྲོས་མཐུན་དེ་གནས་སྐབས་རིང་རྩ་འཛིན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། བདུན་ཕྲག་རྗེས་མའི་གཟའ་ཟླ་བའི་ཉིན་ཧྥ་རན་སི་དང་འཇར་མན་ཎི། དབྱིན་ཇི་དང་ཨི་རན་གྱི་ཕྱི་སྲིད་བློན་ཆེན་རྣམས་ཐུག་འཕྲད་ཀྱིས་ཨ་མི་རི་ཀ་རྒྱལ་སྤྱིའི་གྲོས་མཐུན་འདི་ནས་ཕྱིར་འཐེན་བྱས་པའི་ཤུགས་རྐྱེན་ལ་བསྐྱར་ཞིབ་དང་། ཨ་མི་རི་ཀ་མེད་པར་འབྲེལ་ཡོད་རྒྱལ་ཁབ་གཞན་ཁག་གིས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཀག་འགོག་གི་རྒྱལ་སྤྱིའི་གྲོས་མཐུན་འདི་སྐྱོབ་ཐབས་ཡོད་མེད་ལ་གྲོས་བསྡུར་བྱ་འཆར་ཡོད་པ་མ་ཟད། གཟའ་ལྷག་པའི་ཉིན་ཧྥ་རན་སིའི་སྲིད་འཛིན་དང་ཨི་རན་གྱི་སྲིད་འཛིན་རྣམ་པས་ཁ་པར་ནང་དུ་བཀའ་མོལ་གནང་སྟེ། ཧྥ་རན་སིའི་སྲིད་འཛིན་གྱིས་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨི་རན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ཕྱིར་འཐེན་བྱས་ཡོད་པ་སོར་གནས་ཐུབ་པའི་འབད་བརྩོན་བྱ་འཆར་ཡོད། ཨ་མི་རི་ཀ་གྲོས་མཐུན་འདི་ནས་ཕྱིར་འཐེན་བྱས་པ་བློ་ཕམ་གྱི་གནས་ཚུལ་ཞིག་རེད་ཅེས་བཤད་པ་དང་། ཧྥ་རན་སིའི་དཔལ་འབྱོར་བློན་ཆེན་གྱིས་ཨ་མི་རི་ཀ་འཛམ་གླིང་གི་དཔལ་འབྱོར་ལས་རིགས་ཀྱི་ཉེན་རྟོག་པ་ལྟ་བུ་ཞིག་བྱེད་ཀྱི་ཡོད་པར་ངོས་ལེན་མེད་ཅེས་སྐྱོན་བརྗོད་བྱས་ཡོད་ཅིང་། ཁ་སང་ཨ་མི་རི་ཀ་ཕྱིར་འཐེན་བྱས་པའི་གྲོས་མཐུན་དེར་ལོ་བཅུ་ཕྲག་གཅིག་ལྷག་ལ་དབྱིན་ཇི་དང་རྒྱ་ནག ཧྥ་རན་སི་དང་འཇར་མན་ཎི། ཨུ་རུ་སུ་དང་ཨི་རན། ཨ་མི་རི་ཀའི་སྲིད་གཞུང་རིམ་པ་ཞིག་གིས་གྲོས་བསྡུར་ལན་མང་བྱས་ནས་མིང་རྟགས་བཀོད་རུང་སྲིད་འཛིན་ཌོ་ནལ་ཊོམ་གྱིས་གྲོས་མཐུན་གསར་པ་ཞིག་དང་གཏན་དུ་གནས་ཐུབ་པ་ཞིག་འཇོག་དགོས་ཟེར་གྱི་ཡོད་པ་དང་། ཨ་མི་རི་ཀ་༢༠༡༥་ལོར་མིང་རྟགས་བཀོད་པའི་རྒྱལ་སྤྱིའི་གྲོས་མཐུན་དེའི་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་སྟབས་བདེ་བོ་ཞིག་ཡིན་མོད། འོན་ཀྱང་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨོ་བྷ་མའི་སྲིད་གཞུང་གིས་བཞག་པའི་གྲོས་མཐུན་དེའི་ཚབ་ཏུ་གྲོས་མཐུན་གསར་པ་གང་འདྲ་ཞིག་འཇོག་རྒྱུ་ཡིན་མིན། གྲོས་མཐུན་གསར་པ་དང་གཏན་དུ་གནས་ཐུབ་པ་ཟེར་པ་དེར་ཨི་རན་གྱིས་ངོས་ལེན་བྱ་རྒྱུ་ཡིན་མིན་གྱི་འཆར་གཞི་གསར་པ་ཅི་ཡང་མེད་པས་སྲིད་དོན་ཉམས་ཞིབ་པ་ཚོས་སྲིད་འཛིན་ཌོ་ནལ་ཊོམ་ལ་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ་དང་སོ་ཌི་ཨ་རེ་བྷི་ཡའི་གཞུང་གིས་ཁོག་པ་བརྒྱངས་ནས་གྲོས་མཐུན་དེར་བརྩི་མེད་གཏོང་དུ་བཅུག་པའི་གླེང་སློང་བྱེད་ཀྱི་ཡོད་པ་རེད། ཨི་རན་གྱི་སྲིད་འཛིན་རོ་ཧ་ཎིས་གསར་འགོད་ལྷན་ཚོགས་སྐོང་སྟེ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨི་རན་ལ་སེམས་ཁམས་ཀྱི་འཐབ་འཁྲུག་ཅིག་སློང་གི་འདུག ཨི་རན་གྱིས་འཕྲལ་དུ་ཡུ་རེ་ནིམ་ཚད་འཛིན་མེད་པར་བཙོ་སྦྱང་བྱེད་ཆོག ཡིན་ནའང་སྔོན་ལ་ང་ཚོས་གྲོས་མཐུན་འདིར་མིང་རྟགས་བཀོད་པའི་ཡུ་རོབ་རྒྱལ་ཁབ་ཁག་ལ་གྲོས་བསྡུར་བྱ་འཆར་ཡོད་ཅེས་བཤད་འདུག ཨི་རན་གྱི་ཆོས་ལུགས་དབུ་ཁྲིད་མཁྲེགས་འཛིན་ཅན་ཚོས་ཨ་མི་རི་ཀར་ཡིད་རྟོན་བྱ་མི་རུང་ཞེས་ཉེན་བརྡ་ལན་ཐེངས་མང་བཏང་ཡང་སྲིད་འཛིན་རོ་ཧ་ཎིས་མཉན་མ་སོང་། ཨ་མི་རི་ཀར་ཡིད་ཆེས་བྱས་ན་མཇུག་འབྲས་འདི་རེད་ཅེས་སྲིད་འཛིན་རོ་ཧ་ཎིར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། དེར་བརྟེན་ཨི་རན་མི་དམངས་ཀྱི་མིག་ལམ་དུ་གུ་ཡངས་ཀྱི་ལྟ་བ་འཛིན་པའི་སྲིད་འཛིན་རོ་ཧ་ཎིའི་ཆེ་མཐོང་ཉམས་པའི་གནས་ཚུལ་ཐོན་ཞིང་། ཉེ་ཆར་ཧྥ་རན་སིའི་སྲིད་འཛིན་དང་འཇར་མན་ཎི་སྲིད་བློན། དབྱིན་ཇིའི་ཕྱི་སྲིད་བློན་ཆེན་བཅས་ཀྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་བྱེད་པའི་རྒྱལ་སྤྱིའི་གྲོས་མཐུན་འདིར་མུ་མཐུད་དུ་རྩ་འཛིན་བྱ་དགོས་ཞེས་ནན་སྐུལ་བྱས་ཀྱང་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབོད་སྐུལ་ལ་ཉན་འཇོག་མ་བྱས་པར་ཡུ་རོབ་རྒྱལ་ཁབ་ཁག་ལ་བརྩི་མེད་བཏང་བ་ཁ་སྐྱེངས་པོ་དང་ཕྱི་འབྲེལ་གྱི་ཕམ་ཉེས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཨ་རིའི་སྲིད་འཛིན་ཌོ་ལ་ཊོན་གྱིས་ཨི་རན་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་བཞིན་པའི་ཡུ་རོབ་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་མཇུག་བསྡུ་བའི་དུས་ཡུན་ཟླ་བ་༦་ཡོད། དེ་ནས་ཨི་རན་ལ་མུ་མཐུད་དུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་ན་ཡུ་རོབ་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁང་དེ་ཚོས་ཨ་མི་རི་ཀར་ཚོང་འབྲེལ་བཙུགས་ནས་ཚོང་ལས་གཉེར་མི་ཆོག་ཅེས་སྔོན་བརྡ་བཏང་སྟེ། ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་མི་ཆོག་ཅེས་བཅའ་ཁྲིམས་ཟིན་བྲིས་ཤིག་ལ་གྲོས་བསྡུར་བྱེད་ཀྱི་ཡོད་ཅིང་། གལ་སྲིད་ཨ་མི་རི་ཀས་ཨི་རན་ལ་ཚོང་འབྲེལ་བཙུགས་ཡོད་པའི་ཡུ་རོབ་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་ཚེ། ཡུ་རོབ་རྒྱལ་ཁབ་ཁག་གིས་ཀྱང་རང་གི་ས་ཐོག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་སྲིད། ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་ཡུ་རོབ་རྒྱལ་ཁབ་ཁག་ལ་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་གནད་དོན་གཅིག་པུ་མིན། ཨི་རན་གྱིས་རྒྱང་འཕེན་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་བྱེད་ཀྱི་ཡོད་པའང་འགོག་དགོས་པའི་གྲོས་བསྡུར་བྱ་དགོས། ཨི་རན་གྱིས་གཏན་ནས་རྡུལ་ཕྲན་མཚོན་ཆ་དང་རྒྱང་འཕེན་མེ་ཤུགས་འཕུར་མདེལ་གྱི་རིགས་བཟོ་མི་ཆོག་པའི་གྲོས་མཐུན་གསར་པ་ཞིག་འཇོག་དགོས་ཟེར་གྱི་ཡོད་རུང་ཨི་རན་གྱིས་ཨ་མི་རི་ཀར་བསྐྱར་དུ་གྲོས་བསྡུར་བྱས་ནས་གྲོས་མཐུན་གསར་པ་ཞིག་ལ་མིང་རྟགས་འགོད་འདོད་མེད་ཅེས་ལན་འདེབས་བྱས་ཡོད་པ་རེད།།

XS
SM
MD
LG