ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གཞུང་གིས་དྲ་ཇག་ལ་རྒྱབ་སྐྱོར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཨ་རིའི་ཁོ་ལོ་ར་ཌོ་མངའ་སྡེའི་ཌན་ཝྭར་གྲོང་ཁྱེར་གྱི་དྲ་རྒྱའི་བདེ་འཇགས་ཞིབ་འཇུག་ཁང་ཞིག་གིས་སྙན་ཐོ་བཏོན་པ་ལྟར་ན་ད་ལྟའི་བར་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་དྲ་ལམ་དུ་རྒྱ་ནག་ནས་དྲྭ་ཇག་འཛུལ་ཞུགས་བྱས་ནས་སྲིད་གཞུང་དང་མི་སྒེར་པ། ཚོགས་པ་བཅས་ཀྱི་གསང་བའི་གནས་ཚུལ་དྲ་ལམ་ནས་རྐུ་འཁྱེར་དང་དྲ་ལམ་དུ་དཀྲོག་རྐྱེན་བཟོ་བ། དྲ་ལམ་བརྒྱུད་ནས་གཏོར་བརླག་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་འབྱུང་བཞིན་ཡོད་ཅིང་། འདི་ནི་རྒྱ་ནག་གི་མི་སྒེར་པ་དང་སྒེར་གྱི་ཚོགས་པ་འདྲ་མིན་གྱིས་རྩ་འཛུགས་བྱས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་དོན་དངོས་སུ་དྲ་ཇག་དེ་རྣམས་རྒྱ་ནག་གཞུང་གིས་རྩ་འཛུགས་དང་སྲུང་སྐྱོབ་བྱས་ནས་ཡུན་རིང་ལས་ཀ་སྒྲུབ་མཁན་གྱི་སྒྲིག་འཛུགས་ཤིག་རེད་ཅེས་བརྗོད་འདུག དམིགས་བསལ་ཝིན་ཊི་ཉི་གདུགས་ཞེས་པའི་དྲ་ཇག་གི་སྒྲིག་འཛུགས་ཤིག་ཡོད་པ་ནི་ལག་རྩལ་སྔོན་ཐོན་དང་ཧ་ཅང་ཉེན་ཁ་ཅན་གྱི་སྒྲིག་འཛུགས་ཤིག་ཡིན། ཁོ་ཚོའི་ལས་འགན་གཙོ་བོ་ནི་ཆབ་སྲིད་དང་འབྲེལ་བའི་ལས་དོན་ཁག་ལ་ཐེ་ཇུས་བྱ་རྒྱུ་དང་དྲ་ལམ་གྱི་རྩེད་མོའི་རིགས་ལ་མཉེན་ཆས་འདྲ་མིན་བརྒྱུད་ནས་ཕ་རོལ་པོའི་གསང་བའི་གནས་ཚུལ་རྐུ་འཁྱེར་དང་འཁྱོག་བཤད། དཀྲོག་གཏམ་སྤེལ་བ་སོགས་ཀྱི་ལས་ཀ་འདྲ་མིན་བསྒྲུབས་ཏེ། ད་སྔ་ཁོ་ཚོས་དྲ་ལམ་དུ་གནས་ཚུལ་གཡོ་ལེན་དང་གཏོར་བརླག་གཏོང་སའི་དམིགས་ས་གཙོ་བོ་ཞིག་བོད་པ་དང་ཡུ་གུར་བ། རྒྱ་ནག་གི་གསར་འགོད་པ་དང་བོད་དོན་ལས་འགུལ་བ། ཐེ་ལན་ཌི་སྲིད་གཞུང་སོགས་ཡིན་པ་སྟེ། ཝིན་ཊི་ཉི་གདུགས་དྲྭ་ཇག་ཚོགས་དང་འབྲེལ་ཡོད་ཀྱི་ཚོགས་པ་གཞན་ཁག་གིས་མ་མཐར་ཡང་སྤྱི་ལོ་༢༠༠༩འམ། ཡང་ན་དེའི་སྔོན་ནས་བཟུང་སྟེ་དྲ་ཇག་གི་ལས་ཀ་བྱེད་མགོི་བརྩམས་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག དྲ་ལམ་གྱི་ཉེན་དུག་གསོད་པའི་མཉེན་ཆས་ཁ་སི་པིར་སི་ཀས་ཞེས་པའི་མཉེན་ཆས་ཚོད་ལྟ་ཁང་གིས་སྤྱི་ལོ་༢༠༡༣་ལོར་དྲྭ་ཇག་དེ་དག་གིས་རྒྱ་ཡིག་དང་ཀོ་རི་ཡའི་ཡི་གེ་ནང་འཇུག་བྱས་ཡོད་པའི་རྩིས་འཕྲུལ་བེད་སྤྱོད་བཏང་ནས་འདས་པའི་ལོ་ངོ་བཞིའི་རིང་དུ་དྲ་ལམ་གྱི་རྩེད་མོའི་རིགས་བཟོ་བཞིན་པའི་ཁེ་ལས་༣༠་སོ་གྲངས་ལ་དྲ་ལམ་ནས་གཏོར་བརླག་བྱས་མྱོང་འདུག ཁོ་ཚོས་ཕ་རོལ་པོའི་ཐོབ་དཔང་སྣ་ཚོགས་ཀྱི་ཨང་གྲངས་བཙལ་ནས་བེད་སྤྱོད་བཏང་བ། དྲ་ལམ་དུ་དྲ་དུག་ཡོད་པའི་མཉེན་ཆས་སྣ་ཚོགས་བཏང་སྟེ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མཁན་དང་ལས་རིགས་གཞན་པ་འདྲ་མིན་གཉེར་མཁན་ཚོར་དྲ་ལམ་ནས་གཏོར་བརླག་བྱེད་ཀྱིན་འདུག ཉེ་བའི་ལོ་འགའི་རིང་ལ་ཝིན་ཊི་ཉི་གདུགས་ཞེས་པའི་དྲ་ཇག་གི་ཚོགས་པ་འདིས་དྲ་ལམ་དུ་སིམ་འཛུལ་བྱེད་ཀྱི་ཡོད་པ་རྩད་གཅོད་ཐུབ་པ་ཨ་རིའི་ཁོ་ལོ་ར་ཌོ་མངའ་སྡེའི་ཌན་ཝྭར་གྲོང་ཁྱེར་དུ་ཡོད་པའི་དྲ་ལམ་བདེ་འཇགས་ཞིབ་འཇུག་ཁང་འདི་གཅིག་པུ་མིན་པར་ཁ་ན་ཌའི་གྲོང་ཁྱེར་ཆེན་པོ་ཊོ་རན་ཊོ་སློབ་ཆེན་གྱི་སྤྱི་དམངས་ཚོད་ལྟ་ཁང་དང་། ད་དུང་དེ་མིན་གྱི་དྲ་རྒྱའི་བདེ་འཇགས་ལ་ཞིབ་འཇུག་བྱེད་མཁན་གྱི་ཚོགས་པ་ཆེ་ཁག་གཅིག་གིས་ཀྱང་དྲ་ཇག་གི་ཚོགས་པ་འདིའི་སྐོར་གྱི་སྙན་ཐོ་བཏོན། ཞིབ་འཇུག་སྙན་ཐོ་དེ་དག་གི་གྲས་ཀྱི་གནད་དོན་ཉེན་ཚབས་ཆེ་ཤོས་ཤིག་ནི་སྤྱི་ལོ་༢༠༡༠་ལོར་གུ་གུལ་བརྡ་འཕྲིན་བཟོི་ཚོང་ཁང་དང་དེ་མིན་གྱི་ཁེ་ལས་༣༤་ལ་དྲ་ལམ་ནས་སིམ་འཛུལ་གཏོར་བརླག་བྱུང་ཞིང་། ཌན་ཝྭར་གྲོང་ཁྱེར་གྱི་དྲ་རྒྱའི་བདེ་འཇགས་ཞིབ་འཇུག་ཁང་གི་ཉམས་ཞིབ་པས་ཐེངས་འདིར་རྒྱ་ནག་གི་དྲ་ཇག་སྐོར་གྱི་སྙན་ཐོ་འདོན་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་གི་གསང་བའི་ལས་དོན་སྤེལ་མཁན་དང་དྲ་ཇག་ཚོགས་པ་འདི་འབྲེལ་བ་ཡོད་པ་གསལ་བོ་བཟོ་རྒྱུའི་ཆེད་དུ་ཡིན། དྲ་ལམ་གྱི་གཏོར་བརླག་པ་ཝིན་ཊི་ཉི་གདུགས་སྒྲིག་འཛུགས་ཟེར་པའི་ཚོགས་པ་སོགས་ཀྱི་རྒྱབ་ཏུ་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སྒྲིག་འཛུགས་འདུག་ཅེས་ཐེར་འདོན་བྱས་ཡོད་པ་རེད།།

XS
SM
MD
LG