ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སིངྒ་ལར་སྟོན་པའི་དུས་ཆེན་སྲུང་བརྩི།


༄༅།། བདུན་ཕྲག་འདི་ནི་རྒྱ་གར་གཙོས་ནང་པའི་ཆོས་ལུགས་དར་ཡོད་པའི་འཛམ་གླིང་གི་རྒྱལ་ཁབ་མང་དག་ཅིག་ལ་གནས་བརྟན་སྡེ་པའི་རྩིས་ལུགས་ལྟར་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ལ་སྲུང་བརྩི་ཞུ་བའི་ཆོས་ཕྱོགས་ཀྱི་དུས་ཆེན་བླ་ན་མེད་པ་ཞིག་ཡིན་པ་དང་། ཁ་སྔོན་ཕྱི་ཟླ་༣་ནང་སིངྒ་ལའི་ནང་ཆོས་ཉམས་ལེན་ལྷན་ཁང་གི་བློན་ཆེན་གྱིས་ཝྭེ་སཀ་ཟླ་བའི་དུས་ཆེན་སྐབས་སུ་མི་དམངས་རྣམས་ཁ་འདོན་དགེ་སྦྱོར་དང་སྒོམ་སྒྲུབ་ལ་གཞོལ་དགོས། གསོལ་སྟོན་བཤམས་པ་དང་དགའ་སྟོན་ལ་རོལ་པ། སངས་རྒྱས་ཀྱི་མཛད་པ་རྣམས་རི་མོར་བྲིས་པ་དང་གློག་གཟུགས་སུ་འཆར་དུ་འཇུག་པ་སོགས་ཨ་སྒོར་སྟོང་ཕྲག་མང་པོ་འགྲོ་གྲོན་བཏང་སྟེ་ཝྭེ་སཀ་ཟླ་བའི་དུས་ཆེན་གྲོལ་བའི་རྗེས་སུ་རི་མོ་དང་གློག་གཟུགས་དེ་རྣམས་གད་སྙིགས་ནང་དུ་གཡུགས་དགོས་པར་དགེ་མཚན་ཅི་ཡང་མི་འདུག་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཡིན་ནའང་སིངྒ་ལའི་མི་དམངས་ཀྱིས་སྲིད་གཞུང་གི་བཀག་སྡོམ་དེར་ངོ་རྒོལ་བྱེད་ཀྱི་ཡོད་པས་ཝྭེ་སཀ་ཟླ་བའི་དུས་ཆེན་ཉིན་དང་པོར་ཁ་འདོན་དགེ་སྦྱོར་དང་སྒོམ་སྒྲུབ་ལ་གཞོལ་རྒྱུ། ཉི་མ་གཉིས་པར་གསོལ་སྟོན་བཤམས་པ་དང་དགའ་སྟོན་ལ་རོལ་པ། སངས་རྒྱས་ཀྱི་མཛད་པ་དང་རྣམ་ཐར་རྣམས་རི་མོར་བྲིས་ནས་འགྲེམ་སྟོན་བྱེད་པ་དང་གློག་གཟུགས་སུ་འཆར་དུ་འཇུག་ཆོག་པའི་ཐག་གཅོད་བྱུང་འདུག སིངྒ་ལའི་མི་འབོར་བརྒྱ་ཆ་༧༠་ཐམ་པ་ནང་པ་ཡིན་པ་དང་རྒྱལ་ཁབ་དེའི་མི་མང་ཕོན་ཆེན་ཞིག་གིས་ཝྭེ་སཀ་ཟླ་བའི་དུས་ཆེན་འདི་ཚོང་ལས་དང་རྒྱས་སྤྲོས། ཟང་ཟིང་གི་ངོ་བོ་ཞིག་ལ་གྱུར་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་མཛད་པ་དེ་དག་ལ་རྒྱབ་འགལ་འགྲོ་བཞིན་ཡོད་ཅིང་། སིངྒ་ལའི་སྲིད་གཞུང་གིས་ཝྭེ་སཀ་ཟླ་བའི་དུས་ཆེན་དེ་ཉིད་རྒྱས་སྤྲོས་དང་ཚོང་ལས་ཀྱི་ངོ་བོ་ཞིག་ལ་འགྱུར་གྱིན་ཡོད་པ་བཀག་འགོག་བྱ་དགོས་ཐུག་པ་ཡོད་པ་མ་ཟད། ད་དུང་སིངྒ་ལའི་དགེ་སློང་འདུལ་བ་འཛིན་པ་དག་གིས་ཀྱང་སྟོན་པ་བཅོམ་ལྡན་འདས་ཀྱིས་རྒྱལ་སྲིད་སྤངས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། སྟོན་པའི་སྐུ་ཚེ་ཧྲིལ་བོར་དཀའ་ཐུབ་ཀྱི་འཚོ་བ་ཞིག་རོལ་ཡོད། སིངྒ་ལའི་ནང་པ་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དུས་ཆེན་གསུམ་འཛོམས་སྐབས་རྒྱས་སྤྲོས་དང་དངོས་པོ་ཆུད་ཟོས། རྒྱུ་ངོམ་བཅས་ཀྱི་སྒོ་ནས་སྲུང་བརྩི་ཞུ་བཞིན་འདུག སངས་རྒྱས་ཀྱིས་བསྟན་པའི་འདོད་ཆུང་ཆོག་ཤེས་ཀྱི་སྲོལ་རྒྱུན་བཟང་པོ་རྣམས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ནུས་པ་གང་ཡང་འཐོན་མི་འདུག་ཅེས་སྐྱོན་བརྗོད་གནང་གིན་ཡོད་པ་རེད། སིངྒ་ལ་དང་རྒྱ་གར། ཐེ་ལན་ཌི་དང་བྷང་ག་ལ་སོགས་གནས་བརྟན་སྡེ་པའི་རྩིས་ལུགས་དར་པའི་རྒྱལ་ཁབ་ཁག་ལ་ལོ་ལྟར་ཝྭེ་སཀ་ཟླ་བ་འདི་ཕྱི་ཟླ་༤་པའི་ཟླ་མཇུག་དང་ཕྱི་ཟླ་༥་པའི་ཚེས་ཤར་ལ་ཁེལ་གྱི་ཡོད་པ་དང་། བོད་དང་ཆེན་པོ་ཧོར། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་པའི་ཡུལ་གྲུ་ཁག་ཏུ་བོད་ཟླ་བཞི་པའི་ཚེས་བཅོ་ལྔ་སྟེ། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་སྟོན་པ་སྐུ་བལྟམས་པ་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་གསུམ་འཛོམས་སྲུང་བརྩི་བྱེད་ཀྱིན་ཡོད་པ་མ་ཟད། རྒྱ་ནག་དང་ཉི་ཧོང་། ཀོ་རི་ཡ་དང་ཐེ་ཝན། ཧོང་ཀོང་བཅས་ལའང་རང་རང་གི་ཐུན་མོང་མ་ཡིན་པའི་རྩིས་ལུགས་ཤིག་དར་ཡོད་པ་དེ་ལ་བསྟུན་ནས་སྟོན་པ་སྐུ་བལྟམས་པ་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་གསུམ་འཛོམས་ལ་སྲུང་བརྩི་ཞུ་བཞིན་ཡོད་ཅིང་། སིངྒ་ལའི་ནང་པ་ཚོས་ཡེ་ཤུ་ཆོས་ལུགས་ཚོང་ལས་ཀྱི་ངོ་བོ་ཞིག་ལ་གྱུར་ཟིན་པ་ལྟར་ནང་པའི་དུས་ཆེན་ཁྱད་པར་ཅན་འདི་ཡང་ཚོང་ལས་ཀྱི་ངོ་བོ་ཞིག་ལ་འགྱུར་རྒྱུའི་ཉེན་ཀ་འདུག དཔེར་ན་ནུབ་ཕྱོགས་སུ་སྟོན་པ་ཡེ་ཤུ་ནི་སན་ཏ་ཁེ་ལོ་སིའི་ངོ་བོར་གྱུར་པ་དང་། ཡེ་ཤུ་ཚོ་ལྷ་ཁང་ལ་འཛོམས་ནས་སྨོན་ལམ་འདེབས་པ་དང་དགེ་སྦྱོར་བྱ་དགོས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམས་སྟོན་པ་ཡེ་ཤུའི་འཁྲུངས་སྐར་གྱི་དགའ་སྟོན་ལ་གྱུར་ནས་ལག་རྟགས་སྤྲོད་རེས་དང་གསོལ་སྟོན་གཤོམ་རེས་ཀྱི་ཚོང་ལས་ཤིག་ལ་གྱུར་ཟིན། དེར་བརྟེན་སིངྒ་ལའི་སྤྱི་ཚོགས་སུ་ནང་པའི་ཆོས་ལུགས་ཀྱི་དུས་ཆེན་འདི་ཚོང་ལས་ཀྱི་ངོ་བོ་ཞིག་ལ་འགྱུར་མི་སྲིད་པའི་ངེས་པ་མེད་ཅེས་བློ་འཚབ་བྱེད་ཀྱིན་ཡོད་པ་དང་། ད་ལོའི་ཝྭེ་སཀ་ཟླ་བའི་དུས་ཆེན་གྱི་ཉིན་དང་པོར་སིངྒ་ལ་རྒྱལ་ཡོངས་སུ་ནང་པ་ཚོ་ལྷ་ཁང་དང་དགོན་པ་ཁག་ལ་འདུས་ནས་སྤོས་སྒྲོན་པ་དང་ཁ་འདོན་བྱས་པ། ཕྱག་འཚལ་བ་དང་སྒོམ་བརྒྱབ་པ་སོགས་ཀྱི་སྒོ་ནས་སྟོན་པའི་དུས་ཆེན་གསུམ་འཛོམས་འདིར་སྲུང་བརྩི་ཞུས་འདུག

XS
SM
MD
LG