ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ལྕགས་ལམ་ལས་གཞི་དང་ས་ཞིང་འཕྲོག་ལེན།


༄༅།། རྒྱ་ནག་གི་ལྕགས་ལམ་གསར་རྒྱག་ལས་གཞི་དང་འབྲེལ་ནས་བོད་མདོ་སྨད་ས་ཁུལ་དུ་མང་ཚོགས་ཀྱི་ས་ཞིང་ཁག་ཅིག་གཞུང་གིས་འཕྲོག་ལེན་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག

དེ་ཡང་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༦་གི་ཟླ་བ་༨་པའི་ནང་དུ་གསལ་བསྒྲགས་བྱས་པ་ལྟར་ན་ཁྲིན་ཏུའུ་ནས་ཟི་ལིང་བར་དུ་མགྱོགས་བགྲོད་ལྕགས་ལམ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་། ལྕགས་ལམ་འདིའི་སྤྱིའི་རིང་ཚད་ལ་སྤྱི་ལེ་༨༥༡་ཡོད་ཅིང་། ལྕགས་ལམ་འདི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་ཞིང་ཆེན་གསུམ་འབྲེལ་བ་མཐུད་པར་ཟུང་ཆུ་དང་མཛོད་དགེ ཀླུ་ཆུ། གཙོད། བླ་བྲང་། རེབ་གོང་། གཅན་ཚ། ཧ་ལུང་བཅས་སུ་མེ་འཁོར་འབབ་ཚིགས་རྣམས་འཛུགས་སྐྲུན་བྱ་འཆར་ཡོད་པ་རེད། ལྕགས་ལམ་འདི་ལེགས་འགྲུབ་བྱུང་རྗེས་ཁྲིན་ཏུའུ་ནས་ཟི་ལིང་བར་དུ་དུས་ཡུན་ཆུ་ཚོད་ལྔའི་ནང་དུ་སླེབས་ཐུབ་པ་དང་། ད་ལྟ་དུས་ཡུན་ཆུ་ཚོད་ཉི་ཤུ་ལྷག་འགོར་གྱི་ཡོད་ཅེས་ཞིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་འདུག

ལྕགས་ལམ་འདིར་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་སྤྱི་ལེ་༡༧༣་དང་། ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་སྤྱི་ལེ་༡༥༩། སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་སྤྱི་ལེ་༢༠༠་འཁེལ་ཡོད་པས་ལྕགས་ལམ་གསར་པ་འདི་བཟོ་སྐྲུན་བྱེད་པར་རྒྱ་ནག་གཞུང་གིས་རྒྱ་སྒོར་དུང་ཕྱུར་༥༨་དང་གྲངས་ཆུང་གསུམ་འགྲོ་གྲོན་གཏོང་འཆར་ཡོད་ཅེས་བཤད་ཡོད།

ལས་འཆར་འདི་ལ་བརྟེན་ནས་རེབ་གོང་ས་ཁུལ་གྱི་སྨད་པ་སྡེ་བདུན་གྱི་ཁོངས་སུ་གཏོགས་པའི་ས་ཁུལ་ཁ་ཤས་ལ་ལོ་འདིར་ས་ཞིང་གདབ་མི་ཆོག་པའི་བཀའ་བཏང་ཡོད་པ་དང་། ཞིང་ས་ཁ་ཤས་ཤིག་ལ་རིན་གོང་ཧ་ཅང་དམའ་མོ་ཞིག་སྤྲད་ནས་གཞུང་བཞེས་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

དེ་བཞིན་དུ་མདོ་སྨད་བླ་བྲང་དང་། གཅན་ཚ། གཙོད། ཀླུ་ཆུ་སོགས་དང་། སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བསྡུས་པའི་ཟུང་ཆུ། མཛོད་དགེ་སོགས་སུའང་མང་ཚོགས་ཀྱི་ས་ཞིང་དང་རྩྭ་ས་རྒྱ་ཆེན་པོ་རེ་གཞུང་བཞེས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ལྟར་ན་ལྕགས་ལམ་གསར་པ་འདི་ནི་རྒྱལ་ཁབ་སྐྱེལ་འདྲེན་ལས་ཁུངས་དང་། ལྕགས་ལམ་ལས་ཁུངས་སོགས་ཀྱིས་སྤེལ་བའི་ལོ་ལྔ་རེའི་འཆར་གཞི་ཨང་བཅུ་གསུམ་པའི་ནང་དུ་བཏོན་ཡོད་པ་དང་། དེ་ནི་ཕྱི་ལོ་༢༠༢༠་ལོར་ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་བཀོད་ཡོད་པ་རེད།།

XS
SM
MD
LG