ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྐྱོན་བརྗོད།


རྒྱ་ནག་གི་སྐྱོན་བརྗོད།
please wait

No media source currently available

0:00 0:04:05 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། སྤྱི་ཟླ་༤་ཚེས་༢༤་ཉིན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ལོ་༢༠༡༧་ལོའི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཞེས་པ་ཞིག་དང་སྤྱི་ལོ་༢༠༡༧་ལོར་ཨ་རིས་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་བྱུང་ཡོད་པའི་གནས་ཚུལ་ཞེས་བཀོད་པའི་སྙན་ཐོ་གཉིས་བཏོན་འདུག སྙན་ཐོ་དེ་དག་ནི་ཉེ་ཆར་སྤྱི་ཟླ་༤་བའི་ཚེས་༢༠་ཉིན་ཨ་རིའི་གཞུང་གིས་སྤེལ་བའི་སྤྱོ་ལོ་༢༠༡༧་ལོའི་འགྲོ་བ་མིིའི་ཐོབ་ཐང་གི་སྙན་ཐོ་དེར་དགག་པ་ཞིག་ཡིན་ཞིང་། རྒྱ་ནག་གིས་བཏོན་པའི་སྙན་ཐོ་དེའི་ནང་དུ་ཨ་རིས་རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱང་ཡག་པོ་མེད་ཅེས་སྐྱོན་བསྟན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་མི་ཁ་ཤས་ཀྱིས་བརྗོད་ན་རྒྱ་ནག་གི་སྙན་ཐོ་དེའི་ནང་དུ་བཏོན་པའི་ནང་དོན་ཁག་ཅིག་དོན་དངོས་དང་ལུགས་མཐུན་གྱི་སྐྱོན་བརྗོད་ཅིག་ཡིན་རུང་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་ལ་རྒྱ་ཁྱབ་ཁག་དང་ཡོངས་གྲགས་ཀྱིས་བགྲོ་གླེང་བྱས་ནས་རྩོད་པ་རྒྱག་ཆོག རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་གཏན་ནས་གླེང་སློང་བྱེད་མི་ཆོག་ཅེས་བརྗོད་འདུག ཐེངས་འདིའི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་སྙན་ཐོ་དེར་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ས་གནས་མི་འདྲ་བ་༢༠༠་ཙམ་ལ་འདས་པའི་ལོ་གཅིག་གི་རིང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་བྱས་ནས་རྒྱ་ནག་དང་ཨུ་རུ་སུ། ཨི་རན། བྱང་ཀོ་རི་ཡ་བཅས་ནི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཤོས་ཀྱི་རྒྱལ་ཁག་རེད་ཅེས་ཐེར་འདོན་བྱས་ཡོད། རྒྱ་ནག་དང་འབྲེལ་ཡོད་ཀྱི་ཤོག་ངོས་༡༣༣་ཡོད་པ་དེ་དག་གི་ནང་དུ་རྒྱ་ནག་དང་བོད། ཞིན་ཅང་དང་ཧོང་ཀོང་། ཨོ་མེན་དམིགས་བསལ་ས་ཁུལ་ལ་སོགས་ལ་སྔ་ལོ་རྒྱ་ནག་གུང་ཁྲན་ཏང་གི་དབང་སྒྱུར་འོག་ཏུ་ཁྲིམས་མཐུན་ལུགས་མཐུན་མིན་པར་མིའི་ཚེ་སྲོག་འཕྲོག་པ་དང་མི་གང་བྱུང་དུ་བཙོན་འཇུག་བྱས་པ་སོགས་འཁོད་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཚོར་མི་སྤྱོད་ལས་འདས་པའི་ཁྲིམས་གཅོད། ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་༡༩༨༩་ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་གི་སློབ་མའི་དམངས་གཙོའི་ལས་འགུལ་ལ་ཞུགས་ནས་ཚེ་སྲོག་ཤོར་ཡོད་པ་དང་གར་སོང་ཆ་མེད་དུ་གྱུར་པ། དགེ་སློབ་བཀག་ཉར་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཁ་གསལ་ཞིག་འགྲེལ་བཤད་བརྒྱབ་མེད་ཅེས་བཀོད་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨ་མི་རི་ཀས་རང་ཉིད་སྔར་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་རྒྱལ་ཁབ་གང་རུང་གི་བཟང་སྤྱོད་ལ་ཚད་འཇལ་མཁན་གྱི་དཔོན་པོ་འཁྲབ་བཞིན་ཡོད་ཀྱང་ཨ་རིའི་རྒྱལ་ཁབ་ཏུ་མི་རིགས་དབྱེ་འབྱེད་དང་དབུལ་ཕྱུག་གི་ཁྱད་པར་ཆེ་བ། འགྲོ་བ་མིའི་ཐོབ་ཐང་ལ་གནོད་པ་ཚབས་ཆེན་ཕོག་གི་ཡོད་པ་རྣམས་བཀོད་འདུག ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཅེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གི་འགན་འཛིན་གྱིས་རྒྱ་ནག་གིས་ཨ་རིའི་སྤྱི་ཚོགས་སུ་འབྱུང་བཞིན་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནད་དོན་ཁག་ཅིག་གླེང་ཡོད་པ་བདེན་པ་རེད། དཔེར་ན་སྲོག་ཁྲིམས་གཅོད་པ་དང་ཉེན་རྟོག་པས་མི་རིགས་ནག་པོར་མེ་མདའ་བརྒྱབ་ནས་དམར་གསོད་བྱེད་ཀྱི་ཡོད་པ་རྣམས་དངོས་ཡོད་རེད། ཡིན་ནའང་གནད་དོན་འདི་དག་རྒྱ་ནག་གཞུང་གིས་ཡོངས་ཁྱབ་དང་རྒྱ་ཆེན་པོའི་སྒོ་ནས་མི་དམངས་ཀྱི་རང་དབང་དང་ཐོབ་ཐང་ལ་དྲག་གནོན་བྱེད་བཞིན་པར་བསྡུར་ན་ཚབས་ཆེན་ཞིག་མིན། རྒྱ་ནག་ལ་མཚོན་ན་རྩ་བའི་ཆབ་སྲིད་ཀྱི་སྒྲིག་གཞིའི་ངོས་ནས་གནད་དོན་འདི་དག་ཐག་གཅོད་བྱ་ཐབས་མེད་པའི་ཞན་ཆ་ཡོད། འདི་ནི་ཨ་རི་དང་རྒྱ་ནག་གཉིས་མི་འདྲ་སའི་ཁྱད་པར་གཙོ་བོ་དེ་ཡིན་ཞེས་བརྗོད་འདུག རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཐིན་པོས་ཀྱང་རྒྱ་ནག་གི་སྙན་ཐོ་འདིར་འཁོད་པའི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནད་དོན་ཁག་ནི་ཨ་རིའི་སྲིད་གཞུང་དང་ཨ་རིའི་གསར་འགྱུར་བརྒྱུད་ལམ། ཨ་རིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གླེང་སློང་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་གནད་དོན་འདི་དག་ནུབ་ཕྱོགས་ཀྱི་དགྲ་བོའི་སྟོབས་ཤུགས་ཅིག་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཕྱོགས་རིས་ཀྱི་བསམ་བློ་ལ་ངོས་འཛིན་བྱས་ཏེ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་གཏན་ནས་གླེང་གི་མེད་པ། རྒྱ་ནག་གི་སྲིད་དབང་སྒེར་གཅོད་ལ་སྐྱོན་བརྗོད་དང་དོན་དངོས་ཀྱི་གནས་ཚུལ་ཐེར་འདོན་བྱེད་མཁན་རྣམས་བཙོན་དུ་འཇུག་པ། སྲིད་དོན་གྱི་ལྟ་བ་མི་མཐུན་པ་དང་དམངས་དོན་གཉེར་པའི་ལས་འགུལ་ཁག་ལ་དྲག་གནོན་བྱེད་བཞིན་པ་རྣམས་རྒྱ་ནག་དང་ཨ་རི་གཉིས་ཀྱི་མི་འདྲ་སའི་ཁྱད་པར་རེད་ཅེས་བཀོད་ཡོད་པ་རེད།།

XS
SM
MD
LG