ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀིམ་དང་མུན་གྱི་ཁ་པར་འབྲེལ་མཐུད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཕྱི་ཟླ་༤་ཚེས་༢༠་ཉིན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གཉིས་ཀྱིས་ཐད་ཀར་བཀའ་མོལ་གནང་ཐུབ་པའི་ཁ་པར་གྱི་འབྲེལ་ལམ་ཞིག་མཐུད། ཟླ་བ་འདིའི་ཚེས་༢༧་ཉིན་ཀིམ་ཇུང་ཨུན་དང་མུན་ཅེ་དབྱིན་གཉིས་ལྷོ་བྱང་ཀོ་རི་ཡའི་ས་མཚམས་ཀྱི་ཞི་བདེའི་ཁང་དུ་ཐུག་འཕྲད་བྱ་རྒྱུ། ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་གཉིས་ཐུག་འཕྲད་མ་བྱས་གོང་དུ་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱི་འགོ་ཁྲིད་རྣམ་པས་ཕན་ཚུན་བཀའ་མོལ་གནང་ནསjརྒྱུས་ལོན་དང་ཐུག་འཕྲད་གྲོས་མོལ་ཡག་པོ་ཞིག་ཡོང་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཀྱང་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཀིམ་ཇུང་ཨུན་ལ་ཁ་པར་གཏོང་རྒྱུའི་དུས་ཚོད་ལྷོ་ཀོ་རི་ཡའི་གཞུང་གིས་ཕྱིར་བསྒྲགས་བྱས་མེད་ཅིང་། འདས་པའི་ལོ་མང་རིང་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་ཁ་པར་གྱི་འབྲེལ་བ་མཐུད་ནས་ཕྱོགས་གཉིས་ཀྱི་ཁ་པར་ཁང་དུ་ལས་སྣེ་བསྐོ་བཞག་བྱས་ཏེ། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ཕན་ཚུན་འབྲེལ་བ་བྱ་དགོས་བྱུང་ན་ཕྱོགས་གཉིས་ཀྱི་ས་མཚམས་སུ་ཁ་པར་གཏོང་ས་ཡོད་ཀྱང་ལོ་ཤས་གོང་དུ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་ནས་ས་མཚམས་ཀྱི་ཁ་པར་འབྲེལ་བའང་བཅད། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱི་ཁ་པར་དེ་གྱོ་ཐོག་སྔོན་མོའི་སྲིད་འཛིན་ཕོ་བྲང་གི་ལས་ཁུངས་སུ་བཙུགས་ཡོད་པ་དང་ཀིམ་ཇུང་ཨུན་གྱི་ཁང་པར་དེ་བྱང་ཀོ་རི་ཡའི་རྒྱལ་ས་ཕིང་དབྱང་གྲོང་ཁྱེར་གྱི་རྒྱལ་དོན་ལྷན་ཁང་གི་ལས་ཁུངས་སུ་བཙུགས། ཟླ་བ་སྔོན་མར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱི་དམིགས་བསལ་སྐུ་ཚབ་ཁག་ཅིག་བྱང་ཀོ་རི་ཡར་ཕེབས་ནས་ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱས་ནས་ལྷོ་བྱང་ཀོ་རི་ཡའི་ཆེས་མཐོ་འགོ་ཁྲིད་རིམ་པར་ཛ་དྲག་གི་ཁ་པར་མཐུད་དགོས་པའི་གྲོས་གཞི་བཏོན། བྱང་ཀོ་རི་ཡའི་འགོ་ཁྲིད་ཚོས་ཀྱང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུ་ཅེ་དབྱིན་གྱི་སྐུ་ཚབ་ཚོས་བཏོན་པའི་གྲོས་གཞི་ལ་མོས་མཐུན་བྱས་པ་མ་ཟད། སྐབས་དེར་ཀིམ་ཇུང་ཨུན་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཕྱོགས་ལ་ཨ་མི་རི་ཀར་གྲོས་མོལ་བྱ་འདོད་ཡོད་ཅེས་བཤད་ཡོད་པའི་གནས་ཚུལ་ཐོན་འདུག ཟླ་བ་འདིའི་མགོ་སྟོད་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀའི་དབུས་གསང་བའི་ལས་ཁང་གི་འགན་འཛིན་མེཀ་ཕོམ་ཕིའོ་གསང་བའི་ཐོག་ཏུ་བྱང་ཀོ་རི་ཡར་བཏང་སྟེ། ཕྱི་ཟླ་༦་ཚེས་ཤར་ཡས་མས་སུ་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པར་སྔོན་འགྲོའི་གྲོས་མོལ་བྱས་པ་དང་། ཨ་རིའི་ཕྱོགས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་རྣམས་མེད་པར་གཏོང་དགོས། ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པའི་ཆ་རྐྱེན་བཏོན། བྱང་ཀོ་རི་ཡའི་ཕྱོགས་ནས་ཨ་མི་རི་ཀས་བྱང་ཀོ་རི་ཡའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ། ཨ་མི་རི་ཀས་བྱང་ཀོ་རི་ཡར་ངོས་འཛིན་བྱས་ནས་ཕྱི་འབྲེལ་འཛུགས་དགོས་པའི་ཆ་རྐྱེན་བཏོན། སྔོན་ཆད་བྱང་ཀོ་རི་ཡའི་གཞུང་གིས་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་རྣམས་ཕྱིར་འཐེན་བྱ་དགོས་ཞེས་ཨུ་ཚུགས་རྒྱག་གི་ཡོད་ཀྱང་ད་ལྟ་བྱང་ཀོ་རི་ཡའི་གཞུང་གིས་ལྷོ་ཀོ་རི་ཡར་འགྲེམ་འཇོག་བྱས་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་རྣམས་རང་སར་འཇོག་ཆོག་ཅེས་བཤད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོས་ཕྱོགས་གཉིས་ཀྱི་ཆེས་མཐོ་འགོ་ཁྲིད་རིམ་པའི་ཁ་པར་གྱི་འབྲེལ་བ་ཞིག་ཚུགས་ཚེ། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་སྔར་ལས་སྟབས་བདེ་རུ་འགྲོ་ཐུབ། ལྷག་པར་དུ་ཕྱོགས་གཉིས་ཀྱི་གཤམ་འོག་དམག་དཔོན་ཚོས་དགོས་མེད་ཀྱི་འཁྲུག་རྩོད་སློང་གི་ཡོད་པ་མྱུར་དུ་སེལ་ཐུབ་པའི་རེ་བ་འཆང་གི་ཡོད་ཅིང་། ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོར་ལྷོ་བྱང་ཀོ་རི་ཡའི་ལས་སྣེ་རིམ་པས་མགོ་བོ་མཁྲེགས་པོ་བྱས་པའམ། ཡང་ན་བྱང་ཀོ་རི་ཡའི་ལས་སྣེ་རིམ་པས་སྤོབས་ཉམས་དང་མགོ་བོ་མཁྲེགས་པོ་བྱས་ན་སྲིད་འཛིན་མུ་ཇེ་དབྱིན་གྱིས་ང་ལ་ཐད་ཀར་ཁ་པར་གཏོང་ཆོག ང་ཚོ་ཆེས་མཐོ་འགོ་ཁྲིད་རིམ་པས་ཛ་དྲག་གི་དཀའ་ངལ་རྣམས་སེལ་ཆོག་ཅེས་བཤད། གཟའ་པ་སངས་ཉིན་ལྷོ་བྱང་ཀོ་རི་ཡའི་ཆེས་མཐོ་འགོ་ཁྲིད་རིམ་པའི་ཁ་པར་འབྲེལ་མཐུད་ལ་ཚོད་ལྟ་བྱས་ནས་ཕྱོགས་གཉིས་ཀྱི་ལས་སྣེ་ཚོས་རང་གི་ཁྱིམ་མཚེས་ཤིག་ལ་སྐད་ཆ་བཤད་ཀྱི་ཡོད་པ་ལྟར་གྱི་ཁ་པར་གསལ་བོ་འདུག་ཅེས་བཤད། བདུན་ཕྲག་རྗེས་མའི་གཟའ་པ་སངས་ཉིན་ལྷོ་བྱང་ཀོ་རི་ཡའི་ཆེས་མཐོ་འགོ་ཁྲིད་རྣམ་གཉིས་ས་མཚམས་ཀྱི་ཞི་བདེའི་ཁང་དུ་ཐུག་འཕྲད་བྱ་རྒྱུ། ཀིམ་ཇུང་ཨུན་དང་མུན་ཅེ་དབྱིན་གཉིས་ཀྱིས་༡༩༥༠་ཐམ་པ་ནས་༥༣་བར་དུ་ལངས་པའི་ཀོ་རི་ཡའི་དམག་འཁྲུག་དངོས་སུ་མཇུག་བསྒྲིལ་པ་ཡིན་ཞེས་ཆིངས་ཡིག་ཅིག་ལ་མིང་རྟགས་འགོད་རྒྱུ། ༡༩༥༣་ལོར་ཀོ་རི་ཡའི་དམག་འཁྲུག་གནས་སྐབས་རིང་བར་མཚམས་བཞག་ནས་མཚམས་ཆད་ཀྱང་ད་དུང་ཡང་ཀོ་རི་ཡའི་དམག་འཁྲུག་དངོས་སུ་མཇུག་བསྒྲིལ་པའི་ཆིངས་ཡིག་ཅིག་འཇོག་ཐུབ་མེད། སྔ་ལོ་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་ལན་བྱས་པའི་སྟབས་ཀྱིས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་དམག་འཁྲུག་རྒྱག་སྲིད་པའི་ཛ་དྲག་ཅིག་བྱུང་ཡོད། ཡིན་ནའང་ཉེ་ཆར་ཕྱི་ཟླ་༢་ནང་ལྷོ་ཀོ་རི་ཡའི་ཕིང་ཁྲང་ས་གནས་སུ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འཚོགས་པ་དང་། བྱང་ཀོ་རི་ཡའི་རྩེད་འགྲན་རུ་ཁག་དང་གཞུང་འབྲེལ་མི་སྣ་ཚོ་རྩེད་འགྲན་དེའི་སྒོ་འབྱེད་དང་མཇུག་བསྡུའི་མཛད་སྒོ་ཁག་ལ་མཉམ་ཞུགས་བྱས་ནས་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་སོང་སྟེ། ད་ལྟ་ཕྱོགས་གཉིས་ཀྱི་ཆེས་མཐོ་འགོ་ཁྲིད་རྣམས་གཉིས་ཐུག་འཕྲད་གྲོས་མོལ་བྱ་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་ཡོད་པ་རེད།།

XS
SM
MD
LG