ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཀིམ་ལ་གནམ་གྲུ་མེད་པའི་དཀའ་ངལ།


༄༅།།ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་བྱ་རྒྱུའི་ཚེས་གྲངས་དང་ཐུག་འཕྲད་དེའི་སྐབས་ཀྱི་གྲོས་གཞི་ཁག་གཏན་འཁེལ་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་ཅིང་། ད་དུང་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་བྱང་ཀོ་རི་ཡའི་རྒྱལ་ས་ཕིང་དབྱང་ངམ། ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་ཐུག་འཕྲད་བྱས་ན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྲིད་གཟི་དང་ཆེ་མཐོང་ལ་མི་འཚམས་པ་དང་། གལ་སྲིད་ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གཉིས་ཨ་མི་རི་ཀའི་ས་ཐོག་ཅིག་ཏུ་ཐུག་འཕྲད་བྱས་ན་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་ཆེ་མཐོང་ལ་འཚམས་ཀྱི་མེད། དེར་བརྟེན་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འབྲེལ་ཡོད་ལས་སྣེ་ཚོས་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཨེ་ཤི་ཡའི་རྒྱལ་ཁབ་སིང་ག་པུར་དང་ཝི་ཏེ་ནམ། ཡུ་རོབ་རྒྱལ་ཁབ་སུད་ཌན་དང་སུད་ཛར་ལན་ཌི་བཅས་གང་རུང་ཞིག་ཏུ་ཐུག་འཕྲད་བྱས་ན་འོས་ཤིང་འཚམས་པའི་བསམ་ཚུལ་གཅིག་མཚུངས་ཡིན་རུང་། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐག་རིང་དུ་བསྐྱོད་པའི་སྒེར་གྱི་གནམ་གྲུ་མེད་པ་དང་བྱང་ཀོ་རི་ཡའི་གནམ་གྲུ་དེ་རྣམས་སྔོན་ཆད་ཨུ་རུ་སུ་ནས་ནང་འདྲེན་བྱས་པའི་འགྲུལ་སྐྱེལ་གནམ་གྲུ་ཤ་སྟག་ཡིན་ཞིང་། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བྱང་ཀོ་རི་ཡར་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཀལ་ནས་བཟུང་སྟེ་བྱང་ཀོ་རི་ཡས་དེང་རབས་ཀྱི་གནམ་གྲུ་གསར་པ་ཉོ་ཆོག་གི་མེད་པར་བརྟེན། ད་ལྟ་བྱང་ཀོ་རི་ཡར་ཡོད་པའི་འགྲུལ་སྐྱེལ་གནམ་གྲུ་དེ་ཚོ་སྤྱི་ལེ་སྟོང་ཕྲག་མང་པོར་འཕུར་སྐྱོད་བྱ་ཐུབ་རྒྱུ་ཡིན་མིན་ངེས་པ་མེད་པ་དང་། སྔོན་ཆད་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོ་རྒྱ་ནག་དང་ཨུ་རུ་སུ་ལ་མེ་འཁོར་འབའ་ཞིག་གི་ནང་དུ་འཚམས་འདྲིར་ཕེབས་པའང་བྱང་ཀོ་རི་ཡར་གནམ་གྲུ་ཡག་པོ་མེད་པའི་སྟབས་ཡིན་པ་ར་འཕྲོད་བྱུང་འདུག དེར་བརྟེན་ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གྱི་ཐུག་འཕྲད་དེ་བྱང་ཀོ་རི་ཡའི་ཁྱིམ་མཚེས་རྒྱལ་ཁབ་སོག་ཡུལ་དུ་འབྱུང་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་སྟེ། ཨ་རིའི་དབུས་གསང་བའི་ལས་ཁང་གི་ཉམས་ཞིབ་པ་ཞིག་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོ་ཕེབས་པར་ཨུ་རུ་སུའི་དུས་སྐབས་ཀྱི་གནམ་གྲུ་རྙིང་པ་ཁག་ཅིག་ཡོད་མོད། གནམ་གྲུ་དེ་དག་ཀིམ་ཇུང་ཨིན་གྱི་བདེ་འཇགས་ལ་ཉེན་ཀ་མེད་པར་སྤྱི་ལེ་སྟོང་ཕྲག་འགའ་ཞིག་ལ་འཕུར་སྐྱོད་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་གྱི་གནས་སུ་ཟད། ༢༠༡༡་ལོར་སྲིད་དབང་བཟུང་བའི་རྗེས་སུ་ཀིམ་ཇུང་ཨུན་གནམ་གྲུར་བསྡད་དེ་རྒྱལ་ཁབ་གཞན་ལ་འཕུར་སྐྱོད་བྱས་པ་མཐོང་ཐོས་བྱུང་མྱོང་མེད་ཅེས་བཤད་ཡོད། འོ་ན་ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡ་དང་རྒྱ་ནག་སོགས་ནས་གནམ་གྲུ་གསར་པ་ཞིག་གཡར་སྲིད་དམ། གཅིག་བྱས་ན་གཡར་སྲིད་ཀྱང་ཀིམ་ཇུང་ཨུན་དང་བྱང་ཀོ་རི་ཡ་རྒྱལ་ཁབ་ཀྱི་སྤོབས་པ་ཉམས་རྒྱུ་ཡིན་པས་རྒྱལ་ཁབ་གཞན་ལ་གནམ་གྲུ་གཡར་རྒྱུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོའི་བློ་ཡུལ་དུ་ཤོང་དཀའ། བྱང་ཀོ་རི་ཡ་དང་རྒྱ་ནག ཨུ་རུ་སུ་བཅས་ལ་མེ་འཁོར་ལྕགས་ལམ་མཐུད་ཡོད་ཀྱང་༢༠༡༦་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱས་ཡོད་པས་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཨུ་རུ་སུའི་ས་ཐོག་ཏུ་ཐུག་འཕྲད་གྲོལ་མོལ་བྱ་རྒྱུ་ཡོང་ཐབས་བྲལ། དེང་སྐབས་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཕན་ཚུན་གྱི་དངོས་ཟོག་ལ་སྒོ་ཁྲལ་སྤར་རེས་བྱས་ནས་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་བཟང་པོ་མེད་པས་རྒྱ་ནག་གི་ས་ཐོག་ཏུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་བྱ་རྒྱུ་སྲིད་ཐབས་མེད། སོག་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོས་ཨ་རིའི་སྲིད་འཛིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་དེར་མགྲོན་བདག་བྱ་ཆོག སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བྷ་ཏོར་གྲ་སྒྲིག་བྱ་ཆོག་ཅེས་ཁས་ལེན་བྱེད་ཀྱི་ཡོད་པ་མ་ཟད། སོག་ཡུལ་གྱི་གཞུང་དམངས་གཉིས་ཀས་རང་གི་ཡུལ་ལུང་དེ་ཉིད་ཨེ་ཤི་ཡའི་གཟུར་གནས་རྒྱལ་ཁབ་སྟེ། ཡུ་རོབ་ཀྱི་སུད་ཛར་ལན་ཌི་ལྟ་བུ་ཞིག་ཡིན་པའི་འདུ་ཤེས་འཛིན་གྱི་ཡོད་པས་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་སོག་ཡུལ་དུ་ཐུག་འཕྲད་བྱ་སྲིད་པའི་རྣམ་པ་ཞིག་འཆར་ཡོད་པ་རེད།།

XS
SM
MD
LG