ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་གི་གཏམ་བརྗོད་ཁོར་ཡུག་ཐེ་ཝན་ལ་སྤོར་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཧོང་ཀོང་གི་བདག་དབང་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་རྗེས་སུ་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་མངའ་ཁུལ་དེར་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུ་དང་། ཧོང་ཀོང་གི་ནང་སྲིད་ལ་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱ་རྒྱུ་མིན་པའི་ཁས་ལེན་བྱས་ཀྱང་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་སྟེ། དཔེར་ན་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་བརྩི་མེད་གཏོང་གི་ཡོད་པ་དང་། སྔོན་ཆད་རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་དང་དམངས་གཙོ་དོན་གཉེར་པ། འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སོགས་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་སྤེལ་གྱི་ཡོད་མོད། ད་ནས་བཟུང་སྟེ་རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་དང་དམངས་གཙོའི་ལས་འགུལ་བ་རྣམས་ཧོང་ཀོང་ནས་ཐེ་ཝན་ལ་སྤོར་རྒྱུའི་རྣམ་པ་ཞིག་ཐོན་ཡོད་ཅིང་། སྔ་ལོ་ཧོང་ཀོང་ལ་འགྲོ་བ་མིའི་ཐོབ་ཐང་གི་གློག་བརྙན་དུས་སྟོན་ཞིག་ཚུགས་ཀྱང་ལོ་འདིར་འགྲོ་བ་མིའི་ཐོབ་ཐང་གི་གློག་བརྙན་དུས་སྟོན་ཐེ་ཝན་ལ་ཚུགས་རྒྱུ། ༢༠༡༧་ལོར་འཛམ་གླིང་གི་ས་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ཨེ་ཤི་ཡའི་ཡན་ལག་ལས་ཁུངས་ཤིག་ཧོང་ཀོང་ལ་སྒོ་འབྱེད་བྱ་རྒྱུའི་འཆར་གཞི་ཡོད་ཀྱང་ད་ལྟ་རྒྱལ་སྤྱིའི་ས་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ཨེ་ཤི་ཡའི་ཡན་ལག་ལས་ཁུངས་ཐེ་ཝན་ལ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། སྔ་ལོ་ཧོང་ཀོང་གི་དཔེ་དེབ་དཔར་འགྲེམ་པ་ཞིག་རྒྱ་ནག་གི་གསང་མྱུལ་ཚོས་བཙན་ཁྲིད་བྱས་ནས་ཟླ་བ་འགའ་ཞིག་ལ་བཙན་ཉར་བྱས་པར་བརྟེན། རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཧོང་ཀོང་གི་དཔེ་དེབ་ཁང་དེ་སྒོ་རྒྱག་དགོས་ཐུག་ཀྱང་ད་ལྟ་ཧོང་ཀོང་གི་དཔེ་དེབ་ཁང་དེ་བསྐྱར་དུ་ཐེ་ཝན་ལ་སྒོ་འབྱེད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་འདུག ཐེ་ཝན་གྱི་གཏམ་བརྗོད་རང་དབང་དང་དམངས་གཙོའི་ཐོབ་ཐང་རྣམས་བདེ་བླག་ཏུ་ཐོབ་པ་ཞིག་མིན་ཞིང་། བདུན་ཕྲག་སྔོན་མར་ཐེ་ཝན་གཞུང་གིས་གཏམ་བརྗོད་རང་དབང་ཉིན་མོར་སྲུང་བརྩི་ཞུས་ནས་ལོ་༢༩་གོང་དུ་ཐེ་ཝན་པ་ཏིང་ནན་ཅུན་ཞེས་པ་ཞིག་གིས་རང་ལུས་མེར་སྲེག་བཏང་ནས་ཐེ་ཝན་ལ་གཏམ་བརྗོད་རང་དབང་མེད་པར་ངོ་རྒོལ་བྱས་ཏེ། ཏིང་ནན་ཅུན་གྱིས་ཐེ་ཝན་གྱི་རྩ་ཁྲིམས་ལེགས་བཅོས་བཏང་བ་ཞིག་དཔར་དུ་བསྐྲུན་པར་དཔར་སྐྲུན་པ་ཐེ་ཝན་གཞུང་གིས་འཛིན་བཟུང་བྱས་པས་ཏིང་ནན་ཅུན་གྱིས་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱས་པ་དང་། དེར་བརྟེན་ཐེ་ཝན་མི་དམངས་ཀྱིས་ཏིང་ནན་ཅུན་ལ་རྒྱབ་སྐྱོར་དང་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་ལས་འགུལ་ཆེན་པོ་ཞིག་ལངས་ཡོད། ཏིང་ནན་ཅུན་གྱི་རང་ལུས་མེར་སྲེག་གི་ལས་འགུལ་དེས་ཐེ་ཝན་ལ་དམངས་གཙོའི་སྒྱུར་བཅོས་གཏོང་ཕྱོགས་སུ་ནུས་པ་ཆེན་པོ་ཐོན་ཡོད་པ་མ་ཟད། ཏིང་ནན་ཅུན་གྱི་ཆུང་མ་ཡེ་ཁྲུ་ལན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན་ཐེ་ཝན་གྱི་དམངས་གཙོ་དང་རང་དབང་གི་ཐོབ་ཐང་རྣམས་འབད་མེད་ལྷུན་གྲུབ་ཏུ་བྱུང་བ་ཞིག་མིན། རྒྱ་ནག་གི་བཙན་དྲག་འོག་ཏུ་ཐེ་ཝན་གྱི་རང་དབང་དང་དམངས་གཙོ། གཏམ་བརྗོད་རང་དབང་རྣམས་འཕྲོག་སྲིད། ཐེ་ཝན་ནི་རྒྱ་ཡིག་རྒྱ་སྐད་ཀྱི་འཇིག་རྟེན་དེའི་གཏམ་བརྗོད་རང་དབང་གི་ལྟེ་གནས་སུ་གྱུར་ཡོད། ཐེ་ཝན་གཞུང་གིས་རྒྱ་ནག་ལ་བསྟུན་མཁས་བྱེད་པར་སྐབས་འགར་ཆབ་སྲིད་ཀྱི་ལྟ་བ་དང་རང་དབང་གི་རིན་ཐང་རྣམས་བློས་གཏོང་གི་ཡོད་པའི་གནས་ཚུལ་འབྱུང་གི་འདུག་ཅེས་བཤད་པ་དང་། ཐེ་ཝན་གྱི་དམངས་གཙོ་དང་རང་དབང་དོན་གཉེར་པ་ཚོས་མི་འབོར་ས་ཡ་༢༣་ཡོད་པའི་མཚོ་གླིང་དེ་རྒྱལ་སྤྱིའི་ཐོག་ཏུ་གང་ཐུབ་ཀྱིས་མཉམ་ཞུགས་བྱ་དགོས་ཟེར་གྱི་ཡོད་རུང་། རྒྱ་ནག་གཞུང་གིས་གང་ཐུབ་ཀྱི་སྒོ་ནས་ཐེ་ཝན་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུ་དང་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲད་ནས་ཕྱི་འབྲེལ་གཅོད་དུ་འཇུག་པ། རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག འཛམ་གླིང་གི་བཟོ་ཚོང་ལས་ཁང་ཁག་གི་ཡིག་ཆའི་ནང་དུ་ཐེ་ཝན་ཞེས་འཁོད་ཡོད་པ་རྣམས་རྒྱ་ནག་གི་ཐེ་ཝན་ཞེས་སྒྱུར་དུ་འཇུག་གི་ཡོད་པ་དང་། ཁ་སྔོན་ཕྱི་ཟླ་༢་པའི་ནང་དུ་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་སྐྱེ་བོ་སྒེར་པ་དང་ཚོང་པ་ཚོར་རྒྱ་ནག་གི་ཁྲོམ་རའི་ནང་དུ་རྒྱ་ནག་གི་ཚོང་པ་དང་བཟོ་ཚོང་ལས་ཁང་ཁག་ལྟར་གོ་སྐབས་འདྲ་མཉམ་སྤྲོད་རྒྱུ། ཐེ་ཝན་གྱི་ཤེས་ཡོན་ཅན་དང་ཆེད་ལས་པ་ཚོར་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ལས་ཀ་གོ་སྒྲིག་བྱ་རྒྱུ་སོགས་ཁེ་ཕན་རྣམ་གྲངས་༣༡་ཁྱབ་བསྒྲགས་ནས་ཐེ་ཝན་མི་དམངས་རྣམས་རྒྱ་ནག་གི་ཕྱོགས་སུ་འགུགས་ཐབས་བྱེད་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་རེད། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་འཕྲུལ་རིག་ལག་རྩལ་པ་དང་ཆེད་ལས་པ། ཤེས་ཡོན་ཅན་རྣམས་རྒྱ་ནག་སྐམ་ས་ཆེ་མོར་བཀུག་ནས་གླ་ཕོགས་མཐོ་བོའི་ཚོང་ལས་དང་ལས་ཀའི་གོ་སྐབས་སྤྲོད་ཀྱི་ཡོད་པ་དང་། ཐེ་ཝན་གྱི་དཔལ་འབྱོར་དང་ཚོང་ལས། ཚན་རིག་ལག་རྩལ་གྱི་ཆེད་ལས་པ་ཚོས་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པར་མཚོ་འགག་ཕྱོགས་གཉིས་ཀྱི་གཅིག་གྱུར་ལ་རྒྱབ་སྐྱོར། ནམ་ཞིག་ཐེ་ཝན་གྱི་དཔལ་འབྱོར་དང་ཚོང་ལས། འཕྲུལ་རིག་ལག་རྩལ་གྱི་ཆེད་ལས་པ་རྣམས་རྒྱ་ནག་ལ་ཤོར་ནས་ཐེ་ཝན་གྱི་དཔལ་འབྱོར་དང་ཚོང་ལས་ཉམས་རྒུད་སོང་ཚེ། ཐེ་ཝན་མི་དམངས་རྣམས་རང་བཞིན་གྱིས་རྒྱ་ནག་སྐམ་ས་ཆེན་མོར་བློ་སེམས་ཕྱོགས་རྒྱུའི་རྩིས་རྒྱག་གི་ཡོད་པ་དང་། ཐེ་ཝན་གྱི་བརྙན་འཕྲིན་དང་གློག་བརྙན་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་སྐམ་ས་ཆེན་མོར་ཚོང་ལས་གཉེར་ཆོག་པའི་ཁྱབ་བསྒྲགས་བྱས་པར་ཐེ་ཝན་གཞུང་གིས་བློ་འཚབ་བྱེད་ཀྱི་ཡོད་ཅིང་། ཐེ་ཝན་གྱི་བརྙན་འཕྲིན་དང་གློག་བརྙན་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་གཞུང་ལ་བསྟུན་མཁས་བྱས་ནས་གླེང་གཞི་བདམས་གསེས། ཁོ་ཚོས་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཚོང་ལས་གཉེར་རྒྱུའི་གོ་སྐབས་དམ་འཛིན་བྱ་སྲིད། བརྙན་དང་གློག་བརྙན་རྣམས་ཐེ་ཝན་གྱི་དམངས་གཙོའི་གྲུབ་ཆ་གཙོ་བོ་ཞིག་ཡིན། གལ་སྲིད་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་བརྙན་འཕྲིན་དང་གློག་བརྙན་གྱི་གཏམ་བརྗོད་རང་དབང་ལ་སྟངས་འཛིན་བྱས་ན་ཐེ་ཝན་གྱི་དམངས་གཙོའི་རང་དབང་ཆེན་པོ་ཞིག་བརླག་གི་ཡོད་པ་རེད།།

XS
SM
MD
LG