ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་སྟངས་འཛིན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་ནག་གཞུང་གིས་དངུལ་སྒོར་འགྲོ་གྲོན་དང་མི་སྣ་སྐོང་འགུགས་ཀྱི་འཐབ་ཇུས་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་གཞན་དུ་རྒྱ་ནག་གི་སྣང་བརྙན་ཡར་རྒྱས་གཏོང་བ་དང་རྒྱལ་ཞེན་གྱི་ལྟ་བ་སྤེལ་ཏེ་བསམ་བློའི་དམག་འཁྲུག་ཅིག་སློང་བཞིན་པ་མ་ཟད། རྒྱ་ནག་གི་འཇམ་སྟོབས་རྒྱ་སྐྱེད་གཏོང་བར་སྔར་ལས་ལྷག་པའི་ནུས་པ་འདོན་གི་ཡོད་པ་རེད།

སྤྱི་ལོ་༢༠༡༢་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་ནས་བཟུང་སྟེ་ཕྱིའི་རྒྱལ་ཁབ་ཁག་ཏུ་འཇམ་སྟོབས་རྒྱ་སྐྱེད་གཏོང་ཕྱོགས་ལ་ཤུགས་སྣོན་བརྒྱབ་པར་སྒོ་ཀུན་ནས་ར་སྤྲོད་ཐུབ་ཀྱི་ཡོད་ཅིང་། དཔེར་ན་ཁ་སང་ཕྱི་ཚེས་༡༥་ཉིན་རྒྱ་ནག་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་རྒྱལ་ཁབ་ཕྱི་ནང་གཉིས་སུ་རྒྱ་ནག་གི་ཁྲིམས་ལ་རྒྱབ་འགལ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་སྤེལ་པ་རྣམས་ཡར་ཞུ་བྱ་སའི་དབྱིན་ཡིག་དང་རྒྱ་ཡིག་གི་དྲ་ཚིགས་གསར་པ་ཞིག་སྒོ་འབྱེད་བྱས་པ་མ་ཟད། དབྱིན་རྒྱ་སྐད་ཡིག་ཟུང་གི་དྲ་ཚིགས་དེ་སྒྲིག་འཛུགས་དང་སྐྱོ་བོ་སྒེར་པ། ཚོགས་པ་སོགས་གང་འདྲ་ཞིག་གིས་རྒྱལ་ཁབ་ཀྱི་བདག་དབང་ལ་ཐེ་ཇུས་བྱེད་པ་དང་ཁ་བྲལ་གྱི་ལས་འགུལ་སྤེལ་བ། རྒྱལ་ཁབ་དང་སྤྱི་ཚོགས་ལ་གནོད་པའི་དཀྲོག་གཏམ་སྒྲོགས་པ། རྒྱལ་ཁབ་ཀྱི་ལས་དོན་ལ་གསང་ཉུལ་བྱེད་བཞིན་པ་སོགས་དོགས་ཡོད་ཀྱི་རིགས་མཐའ་དག་མཐོང་ཐོས་ཅི་བྱུང་རྣམས་ཡར་ཞུ་བྱེད་ཆོག་ས་ཞིག་ཡིན་ཞེས་གསལ་བཤད་བྱས་འདུག གལ་སྲིད་རྒྱ་ནག་གཞུང་གིས་གསང་བའི་གནས་ཚུལ་ཡར་ཞུ་བྱེད་མཁན་བྱུང་ན་མི་དེར་དངུལ་སྒོར་ཅི་ཙམ་གླ་ཆ་སྤྲོད་རྒྱུ་ཡིན་མིན་དྲ་ཚིགས་དེར་གསལ་བོ་འཁོད་མེད་ཀྱང་དུས་རྒྱུན་དུ་རྒྱ་ནག་གཞུང་གིས་གནས་ཚུལ་ཡར་ཞུ་བྱེད་མཁན་ཚོར་རྒྱ་ནག་གི་མི་དམངས་ཤོག་སྒོར་ཁྲི་ཚོ་གཅིག་ནས་ཁྲི་ཚོ་ལྔ་བཅུ་ཡས་མས་རེ་བྱ་དགའ་སྤྲོད་སྲོལ་ཡོད་པ་སྔོན་ཆད་རྒྱ་ནག་གི་བདེ་འཇགས་ཚན་པས་སྤེལ་བའི་གནས་ཚུལ་ནང་དུ་ཐོན་མྱོང་ཡོད་པ་རེད།།

རྒྱ་ནག་གཞུང་གིས་འཐབ་ཇུས་འདི་འདྲ་ཞིག་བརྒྱུད་ནས་བསམ་བློའི་དམག་འཁྲུག་ཅིག་རྒྱག་གི་ཡོད་པ་དེར་འཐབ་ཇུས་གསལ་བོ་གཉིས་ལག་བསྟར་བྱེད་བཞིན་པའི་དང་པོ་ནི་རྒྱ་ནག་མི་མང་གི་དོ་སྣང་བྱ་ཡུལ་གནད་དོན་ཁག་གི་གླེང་ཕྱོགས་བསྒྱུར་རྒྱུ་དང་སྨྲ་བརྗོད་རང་དབང་བཀག་ནས་མི་མང་གི་བསམ་ཚུལ་ངོ་མ་རྣམས་ཕྱིའི་རྒྱལ་ཁག་ཏུ་མཐོང་ཐོས་དཀོན་པོར་འགྱུར་དུ་འཇུག་རྒྱུ། གཉིས་པ་ནི་རྒྱ་ནག་གི་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཐད་ཀར་རྐང་འགན་ཁུར་ཏེ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་མི་རིགས་ལ་རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་འཛིན་དགོས་པའི་ལས་འགུལ་སྣ་ཚོགས་སྤེལ་བར་འགྲོ་གྲོན་ཕོན་ཆེན་གཏོང་བཞིན་པ་སྟེ། ཕྱིའི་རྒྱལ་ཁབ་ཁག་གི་གཙུག་ལག་སློབ་གྲྭ་ཁག་ཏུ་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་གསར་འཛུགས་ཀྱིས་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་། རྒྱ་ནག་གི་ལོ་རྒྱུས་སོགས་སློབ་ཁྲིད་བྱེད་བཞིན་པ་དང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་གང་རུང་འབྱུང་དུས་དེ་ལ་བར་ཆད་གཏོང་བར་ཁ་གཏད་མི་སྣ་སྐོང་འགུགས་བྱ་རྒྱུ། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་པ་དང་བོད་པ། ཡུ་གུར་བ་བཅས་ཀྱི་བློ་སེམས་འགུགས་པར་ཞི་དྲག་གཉིས་ཀྱི་འབྲེལ་བ་འཛིན་ཐབས། ཚོང་ལས་དང་སྒྱུ་རྩལ་ལས་རིགས་བཅས་ལ་རྒྱ་ནག་གིས་མ་རྩ་བཙུགས་ནས་མ་དངུལ་གྱི་དབང་ཚད་བཟུང་ནས་ཆབ་སྲིད་ལྟ་གྲུབ་རྣམས་རང་དབང་གི་སྒོ་ནས་གླེང་མི་ཆོག་པའི་ཆ་རྐྱེན་འདོན་གྱི་ཡོད་པ་རེད།།

XS
SM
MD
LG