ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༣/༢༥

ཉི་ཧོང་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཐུག་འཕྲད་བྱ་སྲིད།


༄༅།། འདས་པའི་ལོ་མང་རིང་ཨ་མི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་གསུམ་གྱིས་བྱང་ཀོ་རི་ཡར་གཅིག་གྱུར་གྱི་སྲིད་ཇུས་ཤིག་བཟུང་ནས་བྱང་ཀོ་རི་ཡར་བརྡ་ལན་ཅི་ཞིག་སློག་དགོས་ཀྱང་འབྲེལ་ཡོད་རྒྱལ་ཁབ་གསུམ་ལངས་ཕྱོགས་གཅིག་གྱུར་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་ཞིག་བསྟན་ཡོད། ད་ལོ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་གློ་བུར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱ་རྒྱུའི་མོས་མཐུན་བྱས་པ་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཀྱང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱས་ནས་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་གཏོང་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་ཅིང་། དེར་བརྟེན་ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེར་རྒྱལ་ནང་དུ་ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་གིས་སྐྱོན་བརྗོད་དང་མི་མང་ཁྲི་ཚོ་མང་པོས་ངོ་རྒོལ་ཁྲོམ་སྐོར་བྱས་ནས་སྲིད་བློན་ཨ་བྷེས་བྱང་ཀོ་རི་ཡར་འཛིན་པའི་སྲིད་ཇུས་ལ་གྲུབ་འབྲས་ཐོན་མ་སོང་། སྲིད་བློན་ཨ་བྷེ་ལྐོག་ཟ་རུལ་སུངས་ལའང་འབྲེལ་བ་འདུག ཁོང་གིས་སྲིད་བློན་གྱི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་མང་ཚོགས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། སྲིད་བློན་ཨ་བྷེ་དང་ཉི་ཧོང་གཞུང་དམངས་གཉིས་ཀར་བྱང་ཀོ་རི་ཡའི་གནད་དོན་ཐོག་ཏུ་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ཉི་ཧོང་ཟུར་དུ་འཇོག་གི་ཡོད་པའི་བློ་དོགས་ཡོད་གི་ཡོད་པར་བརྟེན། ཕྱི་ཟླ་༤་ཚེས་༡༧་ཉིན་ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེ་ཨ་མི་རི་ཀར་ཕེབས་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་བྱང་ཀོ་རི་ཡར་གྲོས་མོལ་ཇི་ལྟར་གནང་འཆར་ཡོད་མེད་དང་ཉི་ཧོང་གི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་རྩ་དོན་ཁག་ཌོ་ནལ་ཊོམ་གྱིས་བློས་གཏོང་སྲིད་མིན་ཤེས་ཐབས་བྱེད་ཀྱི་ཡོད་པ་རེད། ཕྱི་ཟླ་༤་ཚེས་༡༦་ཉིན་སྲིད་བློན་ཨ་བྷེས་ཉི་ཧོང་གིས་ཀྱང་བྱང་ཀོ་རི་ཡར་འབྲེལ་བ་བྱས་ནས་ཉི་ཧོང་གི་སྲིད་བློན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨིན་གཉིས་གྲོས་མོལ་བྱེད་པའམ། ཡང་ན་ཨ་རི་དང་ཉི་ཧོང་། བྱང་ཀོ་རི་ཡ་གསུམ་གྱི་འགོ་ཁྲིད་ཚོ་མཉམ་འབྲེལ་ཐུག་འཕྲད་བྱ་ཐུབ་མིན་ལ་གྲོས་སྡུར་བྱེད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་ཅིང་། ཉི་ཧོང་དང་བྱང་ཀོ་རི་ཡའི་གྲོས་མོལ་ལ་ཡར་རྒྱས་མེད་པའི་འགག་རྩ་ནི་ལོ་རབས་༧༠་དང་༨༠་ནང་དུ་བྱང་ཀོ་རི་ཡའི་གསང་བའི་མི་སྣ་ཚོས་ཉི་ཧོང་བ་ཁག་ཅིག་བཙན་ཁྲིད་བྱས་པ་རྣམས་འཆི་གསོན་ཅི་ཡིན་བྱང་ཀོ་རི་ཡའི་གཞུང་གིས་འགྲེལ་བཤད་རྒྱག་གི་མེད་པར་ཐུག་ཡོད་པ་སྟེ། བྱང་ཀོ་རི་ཡས་བཙན་ཁྲིད་བྱས་པའི་ཉི་ཧོང་བ་རྣམས་ངེས་པར་དུ་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་ཞེས་ཉི་ཧོང་གཞུང་གིས་ཆ་རྐྱེན་ཞིག་བཏོན་ཡོད་པར་འགྱུར་བ་གཏོང་གི་མེད་པས་ཉི་ཧོང་དང་བྱང་ཀོ་རི་ཡའི་གྲོས་མོལ་རིམ་པ་ཞིག་འགགས་ཤིང་། གལ་སྲིད་ཉི་ཧོང་གཞུང་གིས་བྱང་ཀོ་རི་ཡར་འབྲེལ་བ་བྱེད་བཞིན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་བདེན་པ་ཡིན་ན་སྲིད་བློན་ཨ་བྷེས་བྱང་ཀོ་རི་ཡར་གནོན་ཤུགས་ཆེན་པོ་སྤྲོད་དགོས་པའི་སྲིད་ཇུས་མཁྲེགས་པོ་བཟུང་ཡོད་པར་འགྱུར་བ་ཐེབས་ཀྱི་ཡོད་པའི་རྟགས་མཚན་ཞིག་ཡིན་སྲིད། ཉམས་ཞིབ་པ་ཁག་ཅིག་གིས་སྲིད་བློན་ཨ་བྷེས་ཁྱབ་བསྒྲགས་དེ་འདྲ་ཞིག་བྱས་པ་མང་ཚོགས་ཀྱི་བློ་ཁ་སྒྱུར་ཐབས་དང་སྲིད་བློན་ཨ་བྷེར་མི་མང་གི་རྒྱབ་སྐྱོར་ཆུང་དུ་འགྲོ་བཞིན་པ་འགོག་ཐབས་ཤིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་མོད། འོན་ཀྱང་ཉི་ཧོང་གི་གཞུང་འབྲེལ་མི་སྣ་ཚོས་པེ་ཅིང་དུ་བཅའ་སྡོད་བྱང་ཀོ་རི་ཡའི་གཞུང་ཚབ་ཁང་ཚུད་པའི་ཐབས་ལམ་སྣ་ཚོགས་ཤིག་བརྒྱུད་ནས་བྱང་ཀོ་རི་ཡར་འབྲེལ་བ་བྱེད་བཞིན་ཡོད། ཉི་ཧོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་བློན་ཨེ་བྷེས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་ཐུག་འཕྲད་བྱེད་དུས་ཌོ་ནལ་ཊོམ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་དུ་ཕེབས་དུས་སྲིད་བློན་ཨ་བྷེ་རང་ཉིད་ཀྱང་མཉམ་དུ་བཅར་ཆོག་ཅེས་དང་བླངས་བྱ་དགོས་པའི་སྐུལ་ལྕག་གཏོང་གི་ཡོད་རུང་ཌོ་ནལ་ཊོམ་དང་ཤཱོན་ཟོ་ཨ་བྷེ། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གསུམ་མཉམ་དུ་ཐུག་འཕྲད་བྱ་ཐུབ་རྒྱུ་ཁག་པོ་ཡིན་པ་དང་། ལྷོ་ཀོ་རི་ཡའི་གཞུང་གིས་ཀྱང་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ། བྱང་ཀོ་རི་ཡ་བཅས་ཀྱི་འགོ་ཁྲིད་གསུམ་མཉམ་དུ་ཐུག་འཕྲད་བྱ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་རུང་བྱང་ཀོ་རི་ཡའི་གཞུང་གིས་ཕྱོགས་གསུམ་གྱི་འགོ་ཁྲིད་རྣམས་མཉམ་དུ་ཐུག་འཕྲད་བྱ་རྒྱུ་དེར་མོས་མཐུན་བྱེད་ཀྱི་མེད་པ་རེད།།

XS
SM
MD
LG