ཨ་མི་རི་ཀའི་བརྡ་འཕྲིན་འཕྲུལ་རིག་གི་བཟོ་ཚོང་ལས་ཁང་ཁག་གི་འགོ་ཁྲིད་ཚོ་ཨ་རིའི་གྲོས་ཚོགས་སུ་སྐུང་ནས་ཉན་ཞིབ་ཚོགས་འདུ་ཚོགས་ཏེ། ཨ་མི་རི་ཀའི་བརྡ་འཕྲིན་འཕྲུལ་རིག་གི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ཁྲོམ་རའི་ནང་དུ་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་པ་རྣམས་གྲོས་ཚོགས་འཐུས་མི་ཚོར་སྙན་སེང་ཞུས་པ་དང་། ཨ་རིའི་ཨ་ཡོ་ཝ་མངའ་སྡེའི་སྤྱི་མཐུན་གྲོས་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཆཀ་གྷ་ར་སི་ལེས་རྒྱ་ནག་ལ་ཚོང་ལས་གཉེར་བཞིན་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་རང་གི་རིག་དངོས་བདག་དབང་ལ་སྲུང་སྐྱོབ་བྱ་ཐུབ་རྒྱུ་ཁག་པོ་ཡིན་པའི་ཚོར་བ་ཞིག་བྱུང་སོང་ཞེས་བཤད་འདུག
ང་ལ་ནི་རྒྱ་ནག་གིས་ཁྲིམས་འགལ་དང་ཁྲིམས་མཐུན། བཟང་སྤྱོད་ལ་མཐུན་པ་དང་བཟང་སྤྱོད་ལ་རྒྱབ་འགལ། ཀུན་སྤྱོད་ལ་མཐུན་པ་དང་ཀུན་སྤྱོད་ལ་མི་མཐུན་པ་ཅི་ཞིག་ཡིན་རུང་ཨ་མི་རི་ཀའི་བརྡ་འཕྲིན་འཕྲུལ་རིག་གི་གསང་བའི་ལག་རྩལ་དང་ཤེས་བྱ་རྣམས་འཐོབ་ཐབས་བྱ་རྒྱུ་དང་། ཁོ་ཚོ་ཨ་མི་རི་ཀའི་སྔོན་ལ་བསྐྱོད་ཐབས་དང་ཨ་མི་རི་ཀའི་སྔོན་ལ་བསྐྱོད་ནས་འདུག་ཐབས་བྱ་རྒྱུའི་བསམ་བློ་ཡོད་པའི་དོགས་པ་ཞིག་བྱུང་སོང་ཞེས་བཤད་འདུག
རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་འཕྲུལ་རིག་གི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཚོང་ལས་གཉེར་དགོས་ན་རྒྱ་ནག་གི་བརྡ་འཕྲིན་འཕྲུལ་རིག་གི་བཟོ་ཚོང་ལས་ཁང་ཁག་དང་མཉམ་འབྲེལ་བྱེད་པའམ། ཡང་ན་ཨ་རིའི་བཟོ་ཚོང་ལས་ཁང་ཁག་གིས་རང་གི་བརྡ་འཕྲིན་འཕྲུལ་རིག་གི་གསང་བའི་ལག་རྩལ་རྣམས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་བསླབ་དགོས། དེ་ལྟར་མ་བྱུང་ན་ཨ་མི་རི་ཀའི་བརྡ་འཕྲིན་འཕྲུལ་རིག་གི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ཁྲོམ་ར་སྒོ་འབྱེད་མི་བྱེད་ཅེས་གནོན་ཤུགས་སྤྲོད་ཀྱིན་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊོམ་ཚུད་པའི་ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གི་འགོ་ཁྲིད་ཚོར་གནད་དེ་དག་གླེང་སློང་བྱས་ཀྱང་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་བརྡ་འཕྲིན་འཕྲུལ་རིག་གི་བཟོ་ཚོང་ལས་ཁང་ཁག་གི་ཤེས་བྱ་དང་གསང་བའི་ལག་རྩལ་རྣམས་བཙན་འཕྲོག་བྱས་མྱོང་མེད་ཅེས་བཤད་དེ་ངོས་ལེན་བྱས་མེད། འོན་ཀྱང་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ཚོགས་འདུ་གཙོ་སྐྱོང་བ་ཨ་རིའི་ཊེཀ་སེ་སི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱོན་ཁོར་ཎི་རྒྱ་ནག་གཞུང་གི་འགྲེལ་བཤད་དེ་ཚོར་ཡིད་ཆེས་ཐུབ་ཀྱི་མེད་པ་རེད།།
རྒྱ་ནག་གིས་ཚོང་དོན་ནི་ལག་ཅ་ལྟ་བུ་ཞིག་ལ་བཀོལ་སྤྱོད་བྱས་ནས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་བཙན་ཤེད་ཀྱིས་མཉམ་འབྲེལ་ཁེ་ལས་གཉེར་དུ་འཇུག་པ་དང་། ད་དུང་དེ་མིན་གྱི་ཚོང་ལས་གྲོས་མཐུན་ཁག་ལ་མིང་རྟགས་འགོད་དུ་བཅུག་ནས་ཨ་མི་རི་ཀའི་བརྡ་འཕྲིན་འཕྲུལ་རིག་གི་བཟོ་ཚོང་ལས་ཁང་ཁག་གི་ལག་རྩལ་རྣམས་ལེན་ཐབས་བྱེད་ཀྱིན་འདུག དཔེར་ན་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་རང་གི་བརྡ་འཕྲིན་འཕྲུལ་རིག་གི་གསང་བའི་ལག་རྩལ་རྣམས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་སློབ་དགོས་ཐུག་གི་ཡོད་པ་དང་། དེ་ལྟར་མ་བྱས་ན་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ཁྲོམ་ར་སྒོ་མོ་འབྱེད་ཀྱི་མེད་པ་རེད་ཅེས་བཤད་འདུག
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་ཨ་མི་རི་ཀའི་བརྡ་འཕྲིན་འཕྲུལ་རིག་གི་བཟོ་ལས་མཐུན་ཚོགས་ཀྱི་གཙོ་འཛིན་གྷར་ཧྥིལ་ཌི་ཨ་རིའི་གྲོས་ཚོགས་སུ་བཅར་ཏེ། ཁོང་གིས་ཨ་མི་རི་ཀའི་བརྡ་འཕྲིན་འཕྲུལ་རིག་གི་བཟོ་ཚོང་ལས་ཁང་ཁག་གིས་གསར་གཏོད་བྱེད་ཀྱིན་ཡོད་པའི་འཕྲུལ་རིག་ལག་རྩལ་རྣམས་འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མྱོང་མེད། ཨ་མི་རི་ཀའི་བརྡ་འཕྲིན་འཕྲུལ་རིག་གིས་འཛམ་གླིང་གི་བརྡ་འཕྲིན་འཕྲུལ་རིག་ལ་དབང་སྒྱུར་བྱེད་བཞིན་ཡོད་ཅེས་བཤད་འདུག
རྒྱ་ནག་གིས་གནད་འགག་འདི་ཤེས་རྟོགས་ཐུབ་ཡོད། དེར་བརྟེན་རྒྱ་ནག་གིས་ཁྲིམས་མཐུན་དང་ཁྲིམས་འགལ་གཉིས་ཀའི་སྒོ་ནས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་གནོན་ཤུགས་སྤྲོད་རྒྱུ་དང་། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཁེ་ཕན་ཐོབ་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱིན་འདུག མ་འོངས་པར་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་འཛམ་གླིང་ཧྲིལ་བོའི་བརྡ་འཕྲིན་འཕྲུལ་རིག་ལག་རྩལ་ལ་དབང་སྒྱུར་བྱ་ཐུབ་པའི་དམིགས་ཡུལ་བཅངས་འདུག་ཅེས་བཤད་ཡོད་པ་རེད།།
ད་ལྟ་ཨ་རིའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་རང་གི་བརྡ་འཕྲིན་འཕྲུལ་རིག་གི་བཟོ་ཚོང་ལས་ཁང་ཁག་ལ་སྲུང་སྐྱོབ་བྱ་དགོས། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱིན་ཡོད་པ་འགོག་ཐབས་བྱ་རྒྱུ། རྒྱ་ནག་གིས་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་གྱི་བཟོ་ཚོང་ལས་ཁང་ཆེ་ཁག་རྣམས་ཉོ་ཐབས་བྱེད་ཀྱིན་ཡོད་པའང་འགོག་དགོས་པའི་གྲོས་གཞི་འདོན་གྱི་ཡོད་མོད། ཨ་མི་རི་ཀའི་བརྡ་འཕྲིན་འཕྲུལ་རིག་གི་བཟོ་ཚོང་མཐུན་ཚོགས་ཀྱིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ལ་ཚོང་ལས་བཀག་པའམ། ཡང་ན་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ན་ཕན་ཐོགས་མེད། ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ཀས་རྒྱ་ནག་གི་ཁྲོམ་ར་སྒོ་མོ་ཡངས་པོར་འབྱེད་པའི་གནོན་ཤུགས་སྤྲོད་དགོས་ཀྱིན་འདུག དེ་ལྟར་བྱུང་ན་ཨ་མི་རི་ཀའི་བརྡ་འཕྲིན་འཕྲུལ་རིག་གི་བཟོ་ཚོང་ལས་ཁང་ཁག་ལ་མདུན་ལམ་ཆེན་པོ་འདུག་ཅེས་བཤད་ཡོད་པ་རེད།།