ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།།རྒྱ་ནག་གིས་ཞི་བདེའི་རྒྱ་མཚོའི་ལྷོ་ཕྱོགས་སུ་ཆགས་པའི་ཝྭ་ནུ་ཨ་ཐུ་རྒྱལ་ཁབ་ཀྱི་ས་ཐོག་ཏུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་གཏན་འཇགས་དམག་སྒར་ཞིག་ཚུགས་ཆོག་པའི་གྲོས་མོལ་བྱེད་ཀྱིན་ཡོད་པའི་གནས་ཚུལ་ཐོན་པ་དང་། གལ་སྲིད་ཝྭ་ནུ་ཨ་ཐུའི་གཞུང་གིས་རང་གི་ས་ཐོག་ཏུ་རྒྱ་ནག་གི་དམག་ལ་གཏན་འཇགས་དམག་སྒར་ཞིག་ཚུགས་ཆོག་པའི་མོས་མཐུན་བྱེད་ན་ཨོ་གླིང་རྒྱལ་ཁབ་ཀྱི་སྒོ་འགྲམ་བར་དུ་རྒྱ་ནག་གི་མཚོ་དམག་སྙོབ་ཐུབ་པས་ཞི་བདེ་རྒྱ་མཚོ་ཧྲིལ་བོར་ཨ་མི་རི་ཀའི་མཚོ་དམག་གིས་དབང་སྒྱུར་བྱེད་བཞིན་ཡོད་པར་གཡོ་འཁྲུག་ཆེན་པོ་ཞིག་ཐེབས་སྲིད་པའི་ཉེན་ཀ་ཡོད་ཅིང་། ཨོ་གླིང་རྒྱལ་ཁབ་ཀྱི་ཧྥེར་ཧྥེཀ་སི་གསར་འགྱུར་ལས་ཁང་གིས་རྒྱ་ནག་དང་ཝྭ་ནུ་ཨ་ཐུའི་གཞུང་འབྲེལ་མི་སྣ་ཚོས་དམག་སྒར་འཛུགས་ཕྱོགས་སུ་གྲོས་མོལ་བྱས་ཡོད་པའི་གནས་ཚུལ་སྤེལ་རུང་རྒྱ་ནག་གིས་དངོས་སུ་ཝྭ་ནུ་ཨ་ཐུའི་གཞུང་ལ་དམག་སྒར་འཛུགས་ཆོག་པའི་གྲོས་གཞི་བཏོན་མེད་པ་དང་། ཝྭ་ནུ་ཨ་ཐུའི་ས་ཐོག་ཏུ་རྒྱ་ནག་གི་གཏན་འཇགས་དམག་སྒར་ཞིག་ཚུགས་སྲིད་པ་དེར་ཨ་མི་རི་ཀ་དང་ཨོ་གླིང་སྲིད་གཞུང་གི་མཐོ་རིམ་ལས་སྣེ་ཚོས་གྲོས་བསྡུར་བྱ་དགོས་པ་ཞིག་ལ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་ལ་དམག་སྒར་འཛུགས་འདོད་ཡོད་པའི་ས་ཆ་དེ་དང་ཨོ་གླིང་རྒྱལ་ཁབ་ཀྱི་མཚོ་ཁ་བར་དུ་རྒྱང་ཁད་སྤྱི་ལེ་༢༠༠༠་ལས་མེད་པས་ཨོ་གླིང་གི་མཚོ་དམག་དང་ནེའུ་ཟི་ལན་ཌིའི་མཚོ་དམག རྒྱ་ནག་གི་མཚོ་དམག་རྣམས་འབྲེལ་ཐག་ཉེ་རུ་སོང་སྟེ། མཐར་ཨ་རིའི་མཚོ་དམག་དང་རྒྱ་ནག་གི་མཚོ་དམག་གདོང་ཐུག་འབྱུང་སྲིད་པའི་ཉེན་ཀའང་ཆེ་རུ་འགྲོ་རྒྱུ་ཡིན་པ་མ་ཟད། ཝྭ་ནུ་ཨ་ཐུའི་གཞུང་གིས་རང་གི་ས་ཐོག་ཏུ་རྒྱ་ནག་གི་གཏན་འཇགས་དམག་སྒར་ཞིག་ཚུགས་ཆོག་པའི་མོས་མཐུན་བྱས་ན་རྒྱ་ནག་གི་དམག་སྒར་ཞིག་ཞི་བདེ་རྒྱ་མཚོའི་ནང་དུ་ཚུགས་པ་ཐེངས་དང་པོ་དང་། ཕྱི་རྒྱལ་གྱི་ས་ཐོག་ཏུ་རྒྱ་ནག་གི་གཏན་འཇགས་དམག་སྒར་ཞིག་ཚུགས་པ་ཐེངས་གཉིས་པ་དེར་འགྱུར་རྒྱུ་ཡིན་ཞིང་། ད་སྔ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཇཱི་བྷུ་ཊི་གཅིག་པུར་རྒྱ་ནག་གི་མཚོ་དམག་ལ་གཏན་འཇགས་དམག་སྒར་ཞིག་ཡོད་པ་རེད། ཞི་བདེའི་རྒྱ་མཚོའི་ནང་དུ་ཆགས་པའི་ཝྭ་ནུ་ཨ་ཐུ་རྒྱལ་ཁབ་ལ་མི་འབོར་འབུམ་༢་དང་ཁྲི་ཚོ་༧་ལས་མེད་ཀྱང་རྒྱལ་ཁབ་དེར་དཔལ་འབྱོར་དཀའ་ངལ་ཡོད་པས་རྒྱ་ནག་གིས་ཝྭ་ནུ་ཨ་ཐུའི་གཞུང་ལ་ཨ་སྒོར་དུང་ཕྱུར་མང་པོ་དཔལ་འབྱོར་རོགས་རམ་སྤྲོད་རྒྱུ་དང་རྒྱལ་ཁབ་དེའི་གཞུང་གི་ལས་ཁུངས་ཁག་འཛུགས་སྐྲུན་བྱ་རྒྱུ། ཝྭ་ནུ་ཨ་ཐུའི་མཚོ་ཁའི་ས་གནས་གཉིས་ལ་འགྲུལ་སྐྱེལ་གྲུ་གཟིངས་འབབ་ས་འཛུགས་སྐྲུན་བྱ་འཆར་འདུག་ཅེས་གནས་ཚུལ་ཐོན་པས་ཉམས་ཞིབ་པ་ཚོས་འགྲུལ་སྐྱེལ་གྲུ་གཟིངས་འབབ་ཚུགས་རྣམས་མཚོ་དམག་གི་གྲུ་གཟིངས་འབབ་ཚུགས་ལ་སྒྱུར་ཆོག་ཅེས་དོགས་ཟོན་བྱེད་ཀྱིན་ཡོད་མོད། འོན་ཀྱང་ཨོ་གླིང་རྒྱལ་ཁབ་ཏུ་བཅའ་སྡོད་ཝྭ་ནུ་ཨ་ཐུའི་གཞུང་ཚབ་པས་རྒྱ་ནག་གིས་ཝྭ་ནུ་ཨ་ཐུ་གཞུང་ལ་དམག་སྒར་འཛུགས་ཆོག་པའི་གྲོས་གཞི་དེ་འདྲ་ཞིག་བཏོན་ཡོད་པ་ཤེས་རྟོགས་བྱུང་མ་སོང་ཞེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ནས་དམག་སྒར་བཙུགས་ཡོད་པར་ཨ་མི་རི་ཀ་དང་ཨོ་གླིང་སོགས་རྒྱལ་ཁབ་མང་དག་ཅིག་གིས་སྐྱོན་བརྗོད་བྱེད་ཀྱིན་ཡོད་ཀྱང་ཝྭ་ནུ་ཨ་ཐུའི་གཞུང་གིས་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད། གལ་སྲིད་རྒྱ་ནག་གིས་ཝྭ་ནུ་ཨ་ཐུའི་ས་ཐོག་ཏུ་མཚོ་དམག་གི་གཏན་འཇགས་དམག་སྒར་ཞིག་ཚུགས་ཐུབ་ན་པ་ཀི་སི་ཐན་དང་སེང་ག་ལའི་ས་ཐོག་ཏུའང་རྒྱ་ནག་གི་དམག་སྒར་ཚུགས་ནས་རྒྱ་གར་རྒྱ་མཚོའི་ནང་དུ་རྒྱ་ནག་གི་དཔུང་སྟོབས་ཁྱབ་སྲིད། ཇཱི་བྷུ་ཊིའི་ས་ཐོག་ཏུ་ཡོད་པའི་རྒྱ་ནག་གི་དམག་སྒར་དེར་ཐད་འཕུར་གནམ་གྲུ་འབབ་ས་དང་འཐབ་འཛིང་གནམ་གྲུ་འཇོག་ས། མཚོ་དམག་ཁྲི་ཚོ་གཅིག་ཙམ་འགྲེམ་འཇོག་བྱེད་ཐུབ་པའི་མཐུན་རྐྱེན་འཛོམས་པ་དང་། གཟའ་འཁོར་སྔོན་མར་ཝྭ་ནུ་ཨ་ཐུའི་སྲིད་བློན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་སྲིད་འཛིན་ཞིས་ཅིན་ཕིང་གིས་སྣེ་ལེན་གཟབ་རྒྱས་ཞུས་ཏེ། རྒྱ་ནག་དང་ཝྭ་ནུ་ཨ་ཐུའི་འབྲེལ་བ་ཡར་རྒྱས་གཏོང་གིན་ཡོད་པ་རེད།།

XS
SM
MD
LG