ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རི་དང་རྒྱ་ནག་གི་ཚོང་ལས་འཐབ་རྩོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཨ་རིའི་གཞུང་གིས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་རྣམ་གྲངས་༡༣༠༠་ཐམ་པར་ཚོང་ཁྲལ་བརྒྱ་ཆ་༢༥་རེ་སྤར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། བདུན་ཕྲག་སྔོན་མར་རྒྱ་ནག་གིས་ཨ་མི་རི་ཀའི་ཤིང་ཏོག་དང་ཆང་དམར། ཕག་ཤ་སོགས་དངོས་ཟོག་རྣམ་གྲངས་༡༢༨་ལ་ཚོང་ཁྲལ་བརྒྱ་ཆ་༢༥་སྤར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་ཟིན་པ་མ་ཟད། ད་ལྟ་སླར་ཡང་རྒྱ་ནག་གིས་ཨ་མི་རི་ཀའི་སྲན་དཀར་དང་རླངས་འཁོར། འགྲུལ་སྐྱེལ་གནམ་གྲུ་དང་ཚ་ལུ་མའི་ཁུ་བ་སོགས་དངོས་ཟོག་རྣམ་གྲངས་༡༠༦་ལ་ཚོང་ཁྲལ་བརྒྱ་ཆ་༢༥་རེ་སྤར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་དང་པོ་དང་གཉིས་པ་གཉིས་ལ་ཚོང་ལས་ཀྱི་འཐབ་རྩོད་ཆེན་པོ་ལངས་ཡོད་ཅིང་། ༢༠༡༧་ལོར་རྒྱ་ནག་དང་ཨ་མི་རི་ཀས་ཨ་སྒོར་ཁྲག་ཁྲིག་༥་དང་ཐེར་འབུམ་ཆེན་མོ་༨་ཀྱི་ཉོ་ཚོང་བྱས་པ་དང་། ད་ལྟ་ཕྱོགས་གཉིས་ཀས་ཨ་སྒོར་ཁྲག་ཁྲིག་གཅིག་གི་དངོས་ཟོག་ལ་ཚོང་ཁྲལ་སྤར་རྒྱུའི་དམིགས་ཡུལ་བཅངས་ཡོད་པ་དེས་ཨ་རི་དང་རྒྱ་ནག་གི་ཚོང་ལས་བརྒྱ་ཆ་༡༧་ཟིན་ཡོད། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཀྱི་འཐབ་རྩོད་འདིས་ཕྱོགས་གཉིས་ཀྱི་མི་དམངས་ལ་དཀའ་ངལ་སྤྲོད་སྲིད་པ་སྟེ། ཨ་མི་རི་ཀའི་སྲན་དཀར་གྱི་ཐོན་སྐྱེད་གསུམ་ཆའི་གཅིག་རྒྱ་ནག་ལ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དང་།་དཔེར་ན་སྔ་ལོ་གཅིག་པུར་རྒྱ་ནག་གིས་ཨ་མི་རི་ཀ་ནས་ཨ་སྒོར་ཐེམ་འབུམ་༡༤་ལྷག་གི་སྲན་དཀར་ནང་འདྲེན་བྱས་འདུག རྒྱ་ནག་གིས་ང་ཚོར་ཚོང་ལས་ཀྱི་འཐབ་རྩོད་ཆེན་པོ་ཞིག་སློང་འདོད་མེད། ཡིན་ནའང་རྒྱ་ནག་གིས་ཨ་མི་རི་ཀའི་གནོན་ཤུགས་དང་སྡིགས་ར་ལ་ནམ་ཡང་མགོ་སྒུར་རྒྱུ་མིན། རྒྱ་ནག་ལ་གནོན་ཤུགས་སྤྲོད་པ་དང་སྡིགས་ར་བསྐུལ་ནས་གྲུབ་འབྲས་ཐོན་མྱོང་མེད། ད་ཐེངས་ཀྱང་ཨ་མི་རི་ཀས་རྒྱ་ནག་ལ་གནོན་ཤུགས་སྤྲོད་པ་དང་སྡིགས་ར་བསྐུལ་ནས་གྲུབ་འབྲས་འཐོན་མི་སྲིད། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཀྱི་འཐབ་རྩོད་འདི་ཕྱོགས་གཉིས་ཀར་ཁེ་ཕན་མེད། རྒྱ་ནག་གིས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལ་ཞུ་གཏུག་མ་བྱས་ཀ་མེད་བྱུང་སོང་ཞེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གེང་ཧྲུང་གིས་བཤད་འདུག ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ང་ཚོས་ཕྱི་མིག་བལྟས་ན་འདས་པའི་ལོ་༢༥་རིང་ལ་ཨ་མི་རི་ཀས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རོགས་རམ་བྱས་ཡོད། ང་ཚོས་རྒྱ་ནག་ལ་མཉམ་འབྲེལ་མ་བྱས་པའི་བསམ་པ་མེད་ཀྱང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པ་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བ་དང་། རྒྱ་ནག་གིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁུངས་ཁག་གི་འཕྲུལ་རིག་ལག་རྩལ་དང་རིག་དངོས་བདག་རྣམས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་མཁོ་སྤྲོད་བྱ་དགོས་ཞེས་བཙན་དབང་བྱེད་བཞིན་མཆིས། མ་འོངས་པར་འཛམ་གླིང་གི་འཕྲུལ་རིག་ལག་རྩལ་གྱི་ཁྲོམ་ར་རྒྱ་ནག་གིས་དབང་སྒྱུར་བྱ་སྲིད་པའི་ཉེན་ཀ་ཡོད། ད་ལྟ་ཨ་རིའི་གཞུང་གིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁུངས་ཁག་གི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་དུས་ཚོད་ཡིན་ཞེས་ནན་བརྗོད་བྱས་པ་དང་། ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་ཚོང་ཁྲལ་སྤར་གྱི་ཡོད་པ་འདིས་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་སྲུང་སྐྱོབ་བྱ་ཐུབ་སྲིད་ཀྱང་ཨ་མི་རི་ཀའི་ཞིང་འབྲོག་ས་ཁུལ་གྱི་ཐོན་སྐྱེད་མང་དག་ཅིག་རྒྱ་ནག་ལ་ཕྱིར་ཚོང་བྱ་རྒྱུ་ཉུང་དུ་འགྲོ་སྲིད། ༢༠༡༦་གི་ཨ་རིའི་སྲིད་འཛིན་འོས་འདེམས་སྐབས་སུ་ཨ་མི་རི་ཀའི་ཞིང་འབྲོག་ས་ཁུལ་གྱི་མི་མང་འོས་ཤོག་འཕེན་མཁན་ཚོས་ཌོ་ནལ་ཊོམ་ལ་འོས་ཤོག་འཕངས་ཡོད་པས། ཌོ་ནལ་ཊོམ་གྱིས་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་ལ་བསམ་བློ་གཏོང་དགོས། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་དངོས་ཟོག་ལ་ཚོང་ཁྲལ་སྤར་ས་ཨ་རིའི་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་ཁག་ལ་དམིགས་འབེན་བཟུང་ཡོད། དེར་བརྟེན་ཨ་རིའི་གཞུང་གིས་རྒྱ་ནག་གི་དངོས་ཟོག་ལ་ཚོང་ཁྲལ་སྤར་རྒྱུའི་སྲིད་ཇུས་འདི་རྒྱུན་འཁྱོངས་བྱ་ཐུབ་རྒྱུ་ཁག་པོ་ཡིན་ཞེས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་ང་ཚོས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་རང་གི་འཕྲུལ་རིག་ལག་རྩལ་དང་རིག་དངོས་བདག་དབང་རྣམས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་མཁོ་སྤྲོད་བྱ་དགོས་ཞེས་བཙན་དབང་བྱས་མྱོང་མེད། ཨ་མི་རི་ཀས་ཞིབ་འཇུག་ལོག་པ་ཞིག་ལ་བརྟེན་ནས་རྒྱ་ནག་གི་དངོས་ཟོག་ལ་ཚོང་ཁྲལ་སྤར་རྒྱུའི་ངན་ཇུས་གཤོམ་གྱིན་འདུག ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀ་ཨང་དང་པོར་འཛིན་པའི་སྲིད་ཇུས་དེ་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་རྩ་དོན་ཁག་ལ་རྒྱབ་འགལ་ཡིན་ཞེས་ཁ་རྡུང་བཏང་བ་མ་ཟད། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཀྱི་འཐབ་རྩོད་འདི་ཕྱོགས་གཉིས་དང་འཛམ་གླིང་ཡོངས་ལ་དགེ་མཚན་ཡོད་པ་ཞིག་མིན་ཞེས་ཉེན་བརྡ་བཏང་ཞིང་། ༢༠༡༧་ལོར་ཨ་མི་རི་ཀས་རྒྱ་ནག་ནས་ཨ་སྒོར་ཁྲག་ཁྲིག་༥་དང་ཐེར་འབུམ་ལྔའི་དངོས་ཟོག་ནང་འདྲེན་བྱས་རུང་རྒྱ་ནག་གིས་ཨ་སྒོར་ཁྲག་ཁྲིག་༡་དང་ཐེར་འབུམ་༣༥་ཙམ་གྱི་དངོས་ཟོག་ལས་ཨ་མི་རི་ཀ་ནས་ནང་འདྲེན་བྱས་མེད། སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་ལ་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པའི་ཁྱད་པར་ཆེ་དྲགས་འདུག རྒྱ་ནག་གིས་ངེས་པར་དུ་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པ་སྙོམས་ཐབས་བྱ་དགོས་ཞེས་སྐུལ་ལྕག་ནན་པོ་བཏང་མོད། འོན་ཀྱང་རྒྱ་ནག་གིས་ཨ་མི་རི་ཀ་ནས་ནང་འདྲེན་བྱེད་འདོད་ཡོད་པའི་དངོས་ཟོག་མང་པོ་ཞིག་ཨ་མི་རི་ཀས་ཕྱིར་ཚོང་བྱེད་ཀྱི་མེད་པ་སྟེ། དངོས་ཟོག་དེ་དག་གི་གྲས་སུ་དེང་རབས་ཅན་གྱི་འཕྲུལ་རིག་ལག་རྩལ་དང་དམག་དོན་ཡོ་བྱད། སྨན་དང་རྫས་སྦྱོར། བཅོས་སྒྲིག་རྣམ་དཔྱོད་སོགས་ཆེས་དེང་རབས་ཅན་གྱི་དངོས་ཟོག་རྣམས་ཡིན་པས། ཨ་མི་རི་ཀས་རང་གི་ཚན་རིག་དང་འཕྲུལ་རིག ཆེས་དེང་རབས་ཅན་གྱི་ལག་རྩལ་རྣམས་རྒྱ་ནག་ལ་ཕྱིར་འཚོང་བྱེད་ཀྱི་མེད་པ་རེད།།

XS
SM
MD
LG