ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༡/༢༡

ཨ་རི་དང་རྒྱ་ནག་གི་ཚོང་ཁྲལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཉེ་ཆར་ཨ་རིའི་གཞུང་གིས་རྒྱ་ནག་གི་ཕྱིར་ཚོང་དངོས་ཟོག་ལ་ཨ་སྒོར་དུང་ཕྱུར་༥༠༠་ནས་དུང་ཕྱུར་༦༠༠་ཡས་མས་ཤིག་ཚོང་ཁྲལ་སྤར་རྒྱུའི་ཁྱབ་བསྒྲགས་བྱས་ཀྱང་ད་དུང་ཡང་ཨ་རིའི་གཞུང་གིས རྒྱ་ནག་གི་དངོས་ཟོག་རྣམ་གྲངས་ཅི་ཙམ་ལ་ཚོང་ཁྲལ་སྤར་དགོས་པའི་ཐག་གཅོད་བྱུང་མེད་ཅིང་། རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ཕྱིར་ཚོང་དངོས་ཟོག་ལ་ཚོང་ཁྲལ་སྤར་རྒྱུའི་ཁོངས་སུ་ཤིང་ཏོག་དང་ཕག་ཤ། ཆང་དམར་སོགས་ཨ་མི་རི་ཀའི་ཞིང་འབྲོག་ས་ཁུལ་གྱི་ཐོན་སྐྱེད་ཁག་འདུས་ཡོད་པས་ཌོ་ནལ་ཊོམ་ལ་འོས་ཤོག་འཕེན་མཁན་མི་མང་ལ་གྱོང་གུད་འཕོག་རྒྱུ་ཡིན་པ་དང་། ད་སྔ་རྒྱ་ནག་གིས་ཨ་མི་རི་ཀ་ནས་འབྲུ་རིགས་དང་འགྲུལ་སྐྱེལ་གནམ་གྲུ་སོགས་ནང་འདྲེན་བྱེད་ཀྱི་ཡོད་པར་ཚོང་ཁྲལ་སྤར་རྒྱུའི་ཁྱབ་བསྒྲགས་བྱས་མེད་པ་རེད། དཔལ་འབྱོར་ཉམས་ཞིབ་པ་མང་དག་ཅིག་གིས་རྒྱ་ནག་དང་ཨ་མི་རི་ཀས་ཕན་ཚུན་ཚོང་ཁྲལ་སྤར་རེས་བྱས་ན་འཛམ་གླིང་གི་ཚོང་ལས་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཕྱི་ཟླ་༤་ཚེས་༢་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་ཆེད་བརྗོད་སྤེལ་ནས་རྒྱ་ནག་གིས་ཚོང་ལས་ཐོག་ཏུ་ཨ་མི་རི་ཀར་འཁྲུག་རྩོད་སློང་འདོད་མེད། རྒྱ་ནག་རྒྱུ་མཚན་དང་གནས་ལུགས་ལྡན་པའི་གྲོས་མོལ་བྱ་རྒྱུར་འཐད་པ་ཡོད། ཨ་མི་རི་ཀས་ཚོང་ཁྲལ་སྤར་རྒྱུའི་སྡིགས་ར་བསྐུལ་པར་རྒྱ་ནག་སྐྲག་མི་སྲིད། ང་ཚོས་ཨ་མི་རི་ཀར་ལན་པ་ཚུལ་བཞིན་སློག་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག རྒྱ་ནག་གི་ཚོང་དོན་ལྷན་ཁང་གིས་བདུན་ཕྲག་གཉིས་ཀྱི་གོང་དུ་ཨ་མི་རི་ཀའི་དངོས་ཟོག་རྣམ་གྲངས་༡༢༨་ལ་ཚོང་ཁྲལ་སྤར་རྒྱུ་ཡིན། སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་ཚོང་ཁྲལ་སྤར་རྒྱུའི་འཆར་གཞི་ཕྱིར་འཐེན་བྱ་དགོས་ཞེས་ཉེན་བརྡ་བཏང་ཡོད། རྒྱ་ནག་གིས་ཨ་མི་རི་ཀའི་དངོས་ཟོག་ལ་ཚོང་ཁྲལ་རིམ་པ་གཉིས་པ་ཞིག་སྤར་སྲིད་པ་དེའི་ཁོངས་སུ་ཨ་མི་རི་ཀའི་འབྲུ་རིགས་དང་ཀུ་ཤུ་ཁ་པར། ཨ་མི་རི་ཀའི་རླངས་འཁོར་སོགས་ཡོད་སྲིད། བདུན་ཕྲག་གཅིག་ཙམ་གོང་དེར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་དཔལ་འབྱོར་རིག་པའི་སློབ་སྟོན་པ་ལིའུ་ཧེ་ཡིས་ཨ་རིའི་ནོར་སྲིད་དྲུང་ཆེར་ཁ་པར་བཏང་སྟེ། ཨ་རི་དང་རྒྱ་ནག་གཉིས་ཀྱིས་རྒྱུ་མཚན་དང་གནས་ལུགས་ལ་བལྟ་དགོས། ང་ཚོས་གཟབ་ནན་གྱི་སྒོ་ནས་ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་བརྟན་པོ་ཞིག་འཛིན་དགོས་ཞེས་ཁ་པར་བཏང་རུང་གཟའ་མཇུག་འདིར་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་ཨ་ལི་ཛེ་བྷེ་ཏེ་ཝོ་རེན་གྱིས་རྒྱ་ནག་གི་དངོས་ཟོག་ལ་ཚོང་ཁྲལ་སྤར་རྒྱུ་ཕྱིར་འཐེན་བྱ་དགོས་ཞེས་རྒྱ་ནག་གཞུང་གིས་ནན་བརྗོད་བྱེད་ཀྱི་ཡོད་པར་འགྱུར་བ་མི་འདུག ཨ་མི་རི་ཀའི་འཕྲུལ་རིག་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ཁྲམ་ར་སྒོ་འབྱེད་ཀྱི་མེད་པ་གྱོང་གུད་ཆེན་པོ་ཞིག་ཡིན། ད་ལྟ་ཨ་མི་རི་ཀའི་འཕྲུལ་རིག་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ཁྲོམ་ར་སྒོ་འབྱེད་བྱེད་ཐུབ་པའི་འགྱུར་བ་ཞིག་གཏོང་དགོས་ཞེས་ནན་བརྗོད་བྱས་པ་མ་ཟད། ཉེ་ཆར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་ཕྱིར་ཚོང་དངོས་ཟོག་དྭངས་ལྕགས་དང་ཧ་ཡང་སོགས་ལ་ཚོང་ཁྲལ་སྤར་རྒྱུ་ཡིན། ཨ་མི་རི་ཀའི་བཟོ་གྲྭ་ཁྲི་ཚོ་༦་ལྷག་སྒོ་བརྒྱབ་ནས་བཟོ་བ་ས་ཡ་༦་གི་ལས་ཀ་ཤོར་པའི་ལན་ཁག་རྒྱ་ནག་ལ་ཡོད། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་བཟོ་ཚོང་ལས་ཁང་ཁག་ལ་མ་རྩ་འཛུགས་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་ཡིན། སྔོན་ཆད་ཨ་རིའི་གཞུང་དང་གྲོས་ཚོགས། མི་དམངས་བཅས་ཀྱིས་རྒྱ་ནག་ལ་ཚོང་འབྲེལ་འཛུགས་དགོས་པའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་ཡོད། ད་ལྟ་ཨ་རིའི་གཞུང་དང་གྲོས་ཚོགས། མི་དམངས་བཅས་ཀྱིས་རྒྱ་ནག་གི་དངོས་ཟོག་ལ་ཚོང་ཁྲལ་སྤར་དགོས་པའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཀྱིན་འདུག་ཅེས་རྒྱུ་མཚན་བགྲངས་པར་བརྟེན། རྒྱ་ནག་གཞུང་གིས་ཀྱང་ཨ་མི་རི་ཀའི་དངོས་ཟོག་ལ་ཚོང་ཁྲལ་སྤར་རྒྱུ་དེར་རྒྱ་ནག་མི་དམངས་ཀྱི་རྒྱབ་སྐྱོར་ཡོད། སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་ཚོང་ཁྲལ་སྤར་ནས་ཕྱོགས་གཉིས་ཀྱི་ཚོང་ལས་ལ་དོ་ཕོག་ཆེན་པོ་བཏང་སོང་། ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་ཚོང་ཁྲལ་སྤར་རྒྱུའི་ཐག་གཅོད་བྱས་པ་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་སྒྲིག་གཞི་ལ་རྒྱབ་འགལ་ཡིན་ཞེས་སྐྱོན་བརྗོད་བྱེད་ཀྱི་ཡོད་མོད། འོན་ཀྱང་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་སྒྲིག་གཞི་ཁག་ལ་བརྩི་མེད་གཏོང་མཁན་གཙོ་བོ་ཞིག་རྒྱ་ནག་ཡིན་པ་སྟེ། རྒྱ་ནག་གིས་ཚོང་ལས་དྲང་སྙོམས་ཤིག་གཉེར་གྱི་མེད་པར་སྐྱོན་བརྗོད་བྱེད་མཁན་ཨ་མི་རི་ཀ་གཅིག་པུ་མིན་པར་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྲིད་དབང་བཟུང་བའི་ལོ་དང་པོ་དེར་ཕོ་བྲང་དཀར་པོའི་དཔལ་འབྱོར་སློབ་སྟོན་པ་གྷེ་རི་ཁོ་ཧན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་རེཀ་ཊི་ལར་སན་བཅས་ཀྱིས་སྲིད་འཛིན་ཌོ་ནལ་ཊོམ་ལ་རྒྱ་ནག་གི་དངོས་ཟོག་ལ་ཚོང་ཁྲལ་སྤར་རྒྱུ་དེར་གཟབ་ནན་བྱ་དགོས། རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་དངོས་ཟོག་ལ་ཚོང་ཁྲལ་སྤར་ནས་ལན་པ་སློག་པའི་མཇུག་འབྲས་ལ་བསམ་བློ་གཏོང་དགོས་ཞེས་འབོད་སྐུལ་ཞུས་ཀྱང་ད་ལྟ་ཕོ་བྲང་དཀར་པོའི་དཔལ་འབྱོར་སློབ་སྟོན་པ་གྷེ་རི་ཁོ་ཧན་དང་ཕྱི་སྲིད་དྲུང་ཆེ་ཊི་ལར་སན་འཕོ་འགྱུར་དང་གནས་དབྱུང་བཏང་སྟེ། སྲིད་འཛིན་ཌོ་ནལ་ཊོམ་གྱི་ཉེ་འཁོར་དུ་སློབ་སྟོན་ཡག་པོ་དང་ཕྱོགས་ཡོངས་ལ་བསམ་བློ་གཏོང་ཐུབ་མཁན་གྱི་སྲི་ཞུ་བ་མེད་པའམ། ཡང་ན་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་འཛིན་དགོས་པའི་ལྟ་བ་འཛིན་མཁན་ཤ་སྟག་གིས་བསྐོར་ཡོད་པ་དང་། ༢༠༡༧་ལོར་རྒྱ་ནག་གིས་ཨ་སྒོར་ཁྲག་ཁྲིག་༥་དང་ཐེར་འབུམ་ལྔའི་དངོས་ཟོག་ཨ་མི་རི་ཀར་ཕྱིར་ཚོང་བྱས་ཀྱང་ཨ་མི་རི་ཀས་རྒྱ་ནག་ལ་ཨ་སྒོར་ཁྲག་ཁྲིག་༡་དང་ཐེར་འབུམ་༣༥་དངོས་ཟོག་ལས་ཕྱིར་ཚོང་བྱེད་ཐུབ་མེད། སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པའི་ཁྱད་པར་ཆེ་དྲགས་འདུག རྒྱ་ནག་གིས་ངེས་པར་དུ་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པ་སྙོམས་ཐབས་བྱ་དགོས་ཞེས་སྐུལ་ལྕག་བཏང་རུང་ནུས་པ་ཐོན་གྱི་མེད་པ་རེད།།

XS
SM
MD
LG