ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་མི་དམངས་ཚོགས་ཆེན་མཇུག་སྒྲིལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་༢༠༡༨་ལོའི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུ་གཉིས་མཇུག་བསྒྲིལ། སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་ནག་ལ་མཐའ་གཅིག་ཏུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་རྒྱུ་ཐུན་མོང་གི་རེ་བ་ཡིན། སུ་ཞིག་གིས་རྒྱ་ནག་ཁ་བྲལ་གཏོང་རྒྱུའི་འབད་བརྩོན་བྱས་ན་ཕམ་ཉེས་འགྲོ་རྒྱུ་དང་རྒྱལ་ཁབ་ཁ་བྲལ་གྱི་གཡོ་ཐབས་ཡོད་དོ་ཅོག་ལ་གྲུབ་འབྲས་ཐོན་མྱོང་མེད། ལོ་རྒྱུས་དང་རྒྱ་ནག་མི་དམངས་གཉིས་ཀྱིས་ཁ་བྲལ་རིང་ལུགས་པ་རྣམས་ཡན་པོར་གཏོང་མི་སྲིད། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་འཛུགས་སྐྲུན་ཡར་རྒྱས་གཏོང་བའི་ལས་དོན་ཁག་ཀྱང་ཕྱིར་ཤིག་རྒྱག་ཐབས་མེད་ཅེས་བཤད་འདུག སྲིད་བློན་ལི་ཁེ་ཆང་གིས་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཉམ་འབྲེལ་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད། རྒྱ་ནག་གི་དཔལ་འབྱོར་ཚན་པ་སྔར་ལས་སྒོ་མོ་ཡངས་པོར་ཕྱེ་ནས་རྒྱལ་ཁབ་ཕྱི་ནང་གི་བཟོ་ཚོང་ལས་ཁང་ཁག་ལ་འདྲ་མཉམ་གྱི་སྒོ་ནས་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཚོང་ལས་གཉེར་པར་འགྲན་སྡུར་བྱེད་ཆོག་པའི་གོ་སྐབས་སྤྲོད་རྒྱུ་ཡིན་ཞེས་བཤད་མོད། འོན་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོས་ཁས་ལེན་འདི་འདྲ་སྔོན་ཆད་ཀྱང་བྱས་མྱོང་ཡོད། དོན་དངོས་སུ་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཚོང་ལས་གཉེར་མཁན་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གི་ཁྲིམས་དང་སྒྲིག་གཞིར་བསྟུན་བཅུག་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཡོད་པའི་གོ་སྐབས་དང་ཁྲོམ་ར་རྣམས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་སྤྲོད་ཀྱི་མེད་པ་རེད། ད་ལོ་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་སྲིད་འཛིན་གྱི་ལས་དུས་ཚད་བཀག་མེད་པར་བཏང་ནས་བཟུང་། ཞིས་ཅིན་ཕིང་གིས་མི་ཚེ་ཧྲིལ་བོར་རྒྱ་ནག་གི་སྲིད་དབང་འཛིན་སྲིད་པའི་ཉེན་ཀ་ཡོད། མའོ་ཙེ་ཏུང་གི་གཞུག་ནས་ཞིས་ཅིན་ཕིང་རྒྱ་ནག་གི་འགོ་ཁྲིད་དབང་ཐང་ཆེ་ཤོས་དེར་གྱུར་ཡོད་པ་མ་ཟད། ཁོ་པའི་ཕྱོགས་གཏོགས་པ་རྣམས་ཀྱང་གནད་འགག་ཆེ་བའི་ལས་གནས་ཁག་ལ་བསྐོ་བཞག་བྱ་ཐུབ་ཡོད་ཅིང་། ཞིས་ཅིན་ཕིང་གིས་རྒྱ་ནག་པ་ཚོས་མེ་རྫས་གསར་བཟོ་དང་ཁུང་ཧྥུ་ཙིའི་གཞུང་ལུགས་གསར་རྩོམ་བྱས་པ་སོགས་ལོ་རྒྱུས་ཀྱི་བྱས་རྗེས་གཟེངས་སུ་མཐོ་བ་བཞག་མྱོང་ཡོད། སྤྱི་ཚོགས་རིང་ལུགས་ཀྱིས་རྒྱ་ནག་སྐྱོབ་ཐུབ་པ་ལོ་རྒྱུས་ཀྱིས་ར་སྤྲོད་བྱུང་ཡོད་པ་དང་། རྒྱ་ནག་མི་དམངས་ལ་རང་གི་དགྲ་བོར་ཁྲག་དྲི་བྲོ་བའི་འཐབ་རྒོལ་བྱེད་ཐུབ་པའི་སྙིང་སྟོབས་ལྡན་ཡོད་ཅེས་འབྱུང་འགྱུར་གྱི་ཕུགས་སྣང་ཞིག་བསྐྲུན། ཨ་མི་རི་ཀའི་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་བསྡོམས་བརྒྱབ་ནས་དོན་ཚན་ལྔ་བཀོད་དོན། དོན་ཚན་དང་པོ་ཞིས་ཅིན་ཕིང་གི་སྲིད་དབང་སྲ་བརྟན་བཏང་ནས་སྲིད་ཡུན་བསྲིངས་པ། དོན་ཚན་གཉིས་པ་རྒྱ་ནག་ལ་སྐྱེ་བོ་དབང་ཐང་ཅན་ཞིག་གིས་སྲིད་དབང་བཟུང་བའི་དུས་སྐབས་གསར་པ་ཞིག་ཤར་པ། དོན་ཚན་གསུམ་པ་རྒྱ་ནག་གི་དྲྭ་རྒྱར་ཞིབ་བཤེར་བྱས་ནས་མི་དམངས་ལ་ལེགས་ཉེས་ཀྱི་བསམ་ཚུལ་ཅི་ཡང་བརྗོད་མི་ཆོག་པར་ཧ་ལས་པའི་གནས་སྟངས་ཤིག་ལ་ཕྱིར་ལོག་བྱས་པ། དོན་ཚན་བཞི་པ་རྒྱ་ནག་གི་དཔོན་དབང་ལམ་ལུགས་ལ་བཅོས་སྒྱུར་བཏང་བ། དོན་ཚན་ལྔ་པ་ཞིས་ཅིན་ཕིང་གིས་མ་འོངས་པའི་ལོ་ལྔའི་རིང་ལ་རྒྱ་ནག་གི་ཆབ་སྲིད་སྐྱོང་བའི་འགོ་ཁྲིད་རུ་ཁག་ཅིག་བདམས་ཞེས་བསྡོམས་བརྒྱབ་འདུག ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནི་ཞིས་ཅིན་ཕིང་གི་སྲིད་དབང་སྲ་བརྟན་གཏོང་བའི་ཆེད་དུ་ཡིན། ཚོགས་ཆེན་གྱི་མཇུག་སྒྲིལ་གྱི་གཏམ་བཤད་སྐབས་སུ་ཞིས་ཅིན་ཕིང་གིས་ཁ་བྲལ་གྱི་ལས་འགུལ་ཁག་ལ་ལམ་ལྷོངས་འབྱུང་མི་སྲིད། རྒྱ་ནག་གི་ས་ཆ་སོར་མོ་གང་ཡང་བློས་གཏོང་རྒྱུ་མིན་ཞེས་ཉེན་བརྡ་བཏང་བ་ཐེ་ཝན་ལ་གོ་དགོས། ༢༠༡༦་ལོར་མིན་ཅིན་ཏང་གི་འགོ་ཁྲིད་ཚེ་དབྱིན་ཝེན་ཐེ་ཝན་གྱི་སྲིད་འཛིན་ཏུ་འདེམས་ཐོན་བྱུང་ནས་བཟུང་སྟེ་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་ནས་རྒྱ་ནག་གིས་ཐེ་ཝན་ལ་སྡིག་ར་བསྐུལ་རྒྱུ་དང་རྒྱལ་སྤྱིའི་ཐོག་ཏུ་གནོན་ཤུགས་སྤྲོད་རྒྱུ། ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་སྟེ། ཐེ་ཝན་རང་བཙན་ལ་དྲག་གནོན་བྱ་རྒྱུའི་རྣམ་འགྱུར་གསལ་བོ་བསྟན། ཧོང་ཀོང་གི་ན་གཞོན་གྲས་སུ་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་མངའ་ཁུལ་དེ་རང་བཙན་བྱ་དགོས་ཞེས་སྐད་འབོད་བྱེད་ཀྱི་ཡོད་པ་རྣམས་ལའང་ཉེན་བརྡ་བཏང་ཡོད། ཞིས་ཅིན་ཕིང་གི་དབང་སྒྱུར་འོག་ཏུ་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་པའི་ལས་འགུལ་ཡང་རྒྱུན་སྐྱོང་བྱ་སྲིད་ཅེས་གླེང་སློང་བྱས་འདུག

XS
SM
MD
LG