ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཊོམ་དང་ཀིམ་གཉིས་ཐུག་འཕྲད་བྱ་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཕྱི་ཟླ་༣་ཚེས་༨་ཀྱི་དགོང་མོར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱ་རྒྱུའི་མོས་མཐུན་བྱས་སོང་། ད་ལོའི་ཕྱི་ཟླ་༥་པར་སྲིད་འཛིན་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་བྱ་འཆར་ཡོད་ཅེས་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ཡོད་པའི་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་ཀྱིས་ཕོ་བྲང་དཀར་པོར་ཁྱབ་བསྒྲགས་བྱས་ཡོད། ཉམས་ཞིབ་པ་ཚོས་ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གཉིས་བྱང་ཀོ་རི་ཡའི་རྒྱལ་ས་ཕིང་དབྱང་ངམ། ཡང་ན་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་ཐུག་འཕྲད་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཨ་རིའི་གཞུང་གིས་སྲིད་འཛིན་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་དུས་ཚོད་དང་ས་གནས་གཉིས་ཕྱིས་སུ་ཐག་གཅོད་བྱ་འཆར་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་འདུག ད་ལྟ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གཉིས་ཐུག་འཕྲད་བྱས་ཏེ། བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་མ་བཏང་བ་དང་། ཨ་མི་རི་ཀས་ཀྱང་བྱང་ཀོ་རི་ཡར་ཕྱི་འབྲེལ་བཙུགས་ནས་བདེ་འཇགས་སྲུང་སྐྱོབ་ལ་འགན་ལེན་མ་བྱས་ཚེ། བྱང་ཀོ་རི་ཡས་སླར་ཡང་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ལ་ཚོད་ལྟ་བྱ་སྲིད། དེར་བརྟེན་ཨ་མི་རི་ཀས་སླར་ཡང་བྱང་ཀོ་རི་ཡར་དམག་བརྒྱབ་ནས་དམར་ཤོག་རྒྱལ་ཁབ་དེ་མགོ་རྟིང་སློག་རྒྱུའི་སྡིགས་ར་བསྐུལ་ནས་དམག་འཁྲུག་ལང་སྲིད་པའི་ཉེན་ཀ་ཡོད་ཅེས་བློ་འཚབ་བྱེད་ཀྱི་ཡོད་པ་རེད།། ཉེ་ཆར་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་པ་ཞིག་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་ནས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱས་པ་དང་། ཁ་སང་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་པ་དེ་ཨ་མི་རི་ཀར་ཕེབས་ནས་སྲིད་འཛིན་ཌོ་ནལ་ཊོམ་དང་ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོར་བྱང་ཀོ་རི་ཡར་གྲོས་མོལ་ཅི་ཞིག་བྱས་ཡོད་མེད། ཀིམ་ཇུང་ཨུན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་བརྡ་ལན་ཅི་ཞིག་བསྐུར་ཡོད་མེད་རྣམས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ཡོད། དེ་ནས་ཡུན་རིང་མ་འགོར་པར་ཉི་ཧོང་གི་སྲིད་བློན་ཤཱིང་ཟོན་ཨ་བྷེས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་རྣམ་འགྱུར་ལ་འགྱུར་བ་ཐེབས་པར་དགའ་བསུ་ཡོད། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ཞི་བའི་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱས་ན་དགེ་མཚན་ཆེ། འདི་ནི་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ། ཉི་ཧོང་གསུམ་མཉམ་འབྲེལ་བྱས་ནས་རྒྱལ་སྤྱིའི་ཐོག་ཏུ་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་པའི་གྲུབ་འབྲས་ཡིན། བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་གི་ཡོད་པ་ངེས་གཏན་བྱ་མ་ཐུབ་བར་དུ་ང་ཚོས་མུ་མཐུད་དུ་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་ཡིན། ཨ་མི་རི་ཀ་དང་ཉི་ཧོང་གཉིས་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་དགོས་པའི་ལངས་ཕྱོགས་བརྒྱ་ཆ་བརྒྱ་ཐམ་པ་གཅིག་གྱུར་ཡིན། ང་ཟླ་བ་རྗེས་མར་ཝ་ཤིང་ཊོན་ལ་བསྐྱོད་ནས་སྲིད་འཛིན་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་མ་བྱས་གོང་དུ་ཉི་ཧོང་གི་ལངས་ཕྱོགས་གསལ་སྟོན་བྱ་འཆར་ཡོད་ཅེས་ནན་བརྗོད་བྱས་འདུག སྲིད་དོན་ཉམས་ཞིབ་པ་ཚོས་ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེའི་ཚིག་རྗོད་ལ་མཉན་ན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཕྱོགས་ལ་གུ་བཤངས་བྱ་སྲིད། ཉི་ཧོང་གི་བདེ་འཇགས་ལ་ཉེན་ཀ་ཡོད་པའི་གྲོས་མཐུན་ཞིག་འཇོག་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་མཚོན་ཐུབ། དཔེར་ན་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་ཟེར་པའི་ཚིག་དོན་ལ་མཚན་ཉིད་གསར་པ་ཞིག་འཇོག་སྲིད་པའམ། ཡང་ན་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་གི་ཡོད་པར་རྒྱལ་སྤྱིའི་རྟོག་ཞིབ་པ་ཚོས་ངེས་གཏན་བྱ་མི་དགོས་པ་ཞིག་ལ་མོས་མཐུན་བྱ་སྲིད་ཅེས་བློ་འཚབ་ཡོད་པའི་རྣམ་པ་ཐོན་ཏེ། ཨ་རིའི་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་མདང་དགོང་མཚན་ལ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེར་ཁ་པར་བཏང་སྟེ། ཨ་མི་རི་ཀས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་བཏང་བ་ངེས་གཏན་བྱ་ཐུབ་པའི་གྲོས་མཐུན་ཞིག་འཇོག་ཐུབ་པའི་དམིགས་ཡུལ་བཅངས་ཡོད་ཅེས་ཁག་ཐེག་བྱས་ཡོད་ཚུལ་དང་། ཟླ་བ་རྗེས་མར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་མ་ཟད། ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་མོས་མཐུན་བྱས་པ་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་རྒྱལ་ཁ་ཆེན་པོ་ཞིག་ཡིན། ཁོང་གིས་བྱང་ཀོ་རི་ཡར་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དང་ཞི་བའི་གྲོས་མོལ་བྱ་རྒྱུའི་ལངས་ཕྱོགས་བཟུང་ནས་སྲིད་འཛིན་ལ་འདེམས་ཐོན་བྱུང་ཡོད་པ་རེད།།

XS
SM
MD
LG