ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཀིམ་ཡོ་ཇུང་ཨ་རིར་གྲོས་མོལ་བྱེད་དུ་ཕེབས་སྲིད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བདུན་ཕྲག་འདིའི་མགོ་སྟོད་དེར་ལྷོ་ཀོ་རི་ཡའི་མཐོ་རིམ་སྐུ་ཚབ་ཚོགས་པ་ཞིག་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་ནས་གྲོས་མོལ་བྱས་པ་དང་། ད་ལྟ་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་ཆཱུང་ཨུའི་ཡུང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཕེབས་ནས་ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོར་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་པས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་གྲོས་མོལ་ཅི་ཞིག་བྱས་ཡོད་མེད། ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་གོ་སྐབས་ཅི་ཙམ་ཡོད་མེད་རྣམས་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་མེཀ་མ་སི་ཊར་ལ་ནང་མོལ་གྱི་ཚུལ་དུ་འགྲེལ་བཤད་རྒྱག་འཆར་ཡོད་ཅིང་། ཀིམ་ཇུང་ཨུན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་བརྡ་འཕྲིན་ཞིག་བསྐུར་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་དགོས་པའི་གྲོས་གཞི་བཏོན། ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོས་ཀིམ་ཇུང་ཨུན་གྱི་བརྡ་འཕྲིན་དེ་ཉིད་གསར་འགོད་པ་ཚོར་ཕྱིར་བསྒྲགས་མེད། ཆཱུང་ཨུའི་ཡུང་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ང་ཚོས་ཨ་མི་རི་ཀར་ཐད་ཀར་གྲོས་མོལ་བྱ་དགོས་ཚེ། ཨ་མི་རི་ཀས་སྔོན་འགྲོའི་ཆ་རྐྱེན་ཁག་ཅིག་བསྒྲུབ་དགོས་ཞེས་ནན་བརྗོད་བྱས་པའི་བརྡ་འཕྲིན་དེ་ཉིད་ཨ་རིའི་གཞུང་ལ་འཕྲོད་དུ་འཇུག་རྒྱུའི་ཁས་ལེན་བྱས་ཡོད། གལ་སྲིད་བྱང་ཀོ་རི་ཡ་དང་ཨ་མི་རི་ཀས་ཐད་ཀར་གྲོས་མོལ་བྱེད་ན་ཀིམ་ཇུང་ཨུན་གྱིས་རང་གི་སྲིང་མོ་ཀིམ་ཡོ་ཇུང་ཨ་མི་རི་ཀར་གྲོས་མོལ་བྱེད་དུ་གཏོང་སྲིད། ཀིམ་ཡོ་ཇུང་ལྷོ་ཀོ་རི་ཡར་བཏང་ནས་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་ཡོད་པས་ཀིམ་ཇུང་ཨུན་གྱིས་རང་གི་སྲིང་མོ་ཨ་མི་རི་ཀར་གྲོས་མོལ་བྱེད་དུ་གཏོང་མི་སྲིད་པ་ཞིག་མིན། ད་ལྟ་བྱང་ཀོ་རི་ཡར་ལག་ཅ་ནུས་ཤུགས་ཅན་ཞིག་ཡོད་པ་ནི་ཀིམ་ཡོ་ཇུང་ཡིན་ཞེས་སྲིད་དོན་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་མ་ཟད། ཟླ་བ་སྔོན་མར་ལྷོ་ཀོ་རི་ཡར་འཚོགས་པའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་སྒོ་འབྱེད་མཛད་སྒོར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་སྲིང་མོ་ཀིམ་ཡོ་ཇུང་མཉམ་ཞུགས་བྱས་ཏེ། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཀིམ་ཡོ་ཇུང་ལ་གསོལ་སྟོན་བཤམས་ནས་སྣེ་ལེན་གཟབ་རྒྱས་ཞུས་པ་དང་ཀིམ་ཡོ་ཇུང་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་དགོས་ཞེས་མགྲོན་འབོད་བྱས་པ་དང་། ཟླ་བ་རྗེས་མར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གཉིས་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་ཐུག་འཕྲད་བྱ་འཆར་བྱ་རྒྱུ། ཀིམ་ཡོ་ཇུང་ལྷོ་ཀོ་རི་ཡའི་ཕིང་ཁྲང་ས་གནས་སུ་འཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་གྱི་སྒོ་འབྱེད་མཛད་སྒོར་ཞུགས་པའི་རྗེས་སུ་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་བརྒྱབ་ནས་ཐལ་བའི་རྡུལ་དུ་བརླག་རྒྱུའི་སྡིག་ར་བསྐུལ་རྒྱུ་མེད་པར་གྱུར་ཡོད། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ཨ་མི་རི་ཀས་བྱང་ཀོ་རི་ཡར་དམག་འཁྲུག་རྒྱག་རྒྱུ་མིན་པའི་ཁས་ལེན་བྱས་པའམ། ཡང་ན་བྱང་ཀོ་རི་ཡའི་བདེ་འཇགས་ལ་འགན་ལེན་བྱས་ན་བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཆོག་ཅེས་བཤད་ཡོད་པའི་གནས་ཚུལ་ཐོན་ཞིང་། དེར་བརྟེན་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཀྱང་བྱང་ཀོ་རི་ཡར་དམག་གིས་དྲག་རྒོལ་བྱ་རྒྱུའི་སྡིགས་ར་བསྐུལ་རྒྱུ་ཤུགས་ཆུང་དུ་བཏང་སྟེ། གཟའ་འཁོར་འདིར་ལྷོ་བྱང་ཀོ་རི་ཡའི་གཞུང་གིས་ཞི་བའི་གྲོས་མོལ་གྱི་ལམ་ཡིག་དོན་ཚན་༦་གཏན་ལ་ཕབ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་དགོས་པའི་གྲོས་མཐུན་བྱུང་ཡོད་པ་རེད།།

XS
SM
MD
LG