ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་ཨན་བྷང་ཉེན་སྲུང་ཁང་རྩིས་ལེན།


ཨན་བྷང་ཉེན་སྲུང་ཁེ་ལས་ཁང་ནི་རྒྱ་ནག་གི་ཁེ་ལས་ཁང་དེ་དག་གི་གྲས་ཀྱི་ཨ་སྒོར་ཐེར་འབུམ་མང་པོ་མ་རྩ་བཙུགས་ནས་འཛམ་གླིང་གི་མགྲོན་ཁང་ཁག་དང་རིན་ཐང་ཆེ་བའི་ས་ཁང་ཉོ་སྒྲུབ་བྱེད་མཁན་ཞིག་ཡིན་པ་དང་། ཉེ་དུས་ཤིག་ནས་ཁེ་ལས་ཁང་དེར་རྙོག་གླེང་བྱུང་ནས་དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་ཨན་བྷང་ཁེ་ལས་ཁང་གི་བདག་དབང་རྩིས་ལེན་བྱས་ཏེ། ཁེ་ལས་ཁང་དེའི་སྤྱི་ཁྱབ་ཟུར་པ་ཝུའུ་ཞའོ་ཧུ་ལ་དཔལ་འབྱོར་ཁྲིམས་འགལ་གྱི་ནག་ཉེས་བཙུགས་འདུག རྒྱ་ནག་གཞུང་གིས་ཨན་བྷང་ཁེ་ལས་ཁང་གི་བདག་དབང་རྩིས་ལེན་བྱས་ཡོད་པ་དང་སྤྱི་ཁྱབ་ཟུར་པ་ཝུའུ་ཞའོ་ཧུ་ལ་དཔལ་འབྱོར་ཉེས་ཅན་པའི་ནག་ཉེས་བཙུགས་པ་ནི་རྒྱ་ནག་གི་ཁེ་ལས་ཁང་ཆེ་ཁག་ལ་གཞུང་གིས་དོ་དམ་བྱ་རྒྱུའི་འཆར་གཞིའི་ཁོངས་ཀྱི་ཤུགས་ཆེ་ཤོས་ཤིག་ཆགས་ཤིང་། ཨན་བྷང་ཁེ་ལས་ཁང་གིས་འགྲོ་གྲོན་ཨ་སྒོར་ཐེར་འབུམ་མང་པོ་བཏང་ནས་འཛམ་གླིང་གང་སར་མགྲོན་ཁང་དང་རིན་ཐང་ཆེ་བའི་ས་ཁང་ཉོས་ཡོད་པའི་གྲས་སུ་སྐད་གྲགས་ཆེ་ཤོས་ནི་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་ཝོལ་ཌི་རོབ་ཨོ་སི་ཊོ་རི་ཡ་མགྲོན་ཁང་ཆེན་མོ་ཡིན་པ་དང་། ཨན་བྷང་ཁེ་ལས་ཁང་དང་འདྲ་བའི་ཁེ་ལས་ཆེ་ཁག་གཞན་ཚོས་ཀྱང་འཛམ་གླིང་གི་སྐད་གྲགས་ཅན་གྱི་མགྲོན་ཁང་དང་རིན་ཐང་ཅན་གྱི་ལྟེ་གནས་ཁག་ཏུ་ས་ཁང་མང་དག་ཅིག་ཉོ་སྒྲུབ་བྱེད་ཀྱི་ཡོད་པས་ཁེ་ལས་ཆེ་ཁག་དེ་དག་གིས་རྒྱ་ནག་གི་དངུལ་ཁང་ཁག་ནས་འབུ་ལོན་ཚད་ལས་བརྒལ་བ་བླངས་ནས་རྒྱལ་ནང་གི་དཔལ་འབྱོར་འཕེལ་ཚད་དལ་དུ་འགྲོ་སྲིད་པའི་སེམས་འཚབ་བྱེད་ཀྱི་ཡོད་པ་རེད།། སྤྱིར་རྒྱ་ནག་གི་ཁེ་ལས་ཁང་ཆེ་ཁག་མང་པོ་ཞིག་གི་ཚོང་ལས་གཉེར་ཕྱོགས་དང་ཁེ་ལས་ཁང་དེ་དག་ལ་མ་རྩ་ཕོན་ཆེན་ཡོད་པའི་འབྱུང་ཁུངས་ལ་མི་རྣམས་དོགས་པ་ལངས་དགོས་པ་དང་ཁེ་ལས་ཁང་དེ་དག་གི་རྒྱབ་ཏུ་སུ་ཞིག་ཡོད་མེད། མ་རྩ་ངོ་མ་རྣམས་སུའི་ཡིན་མིན་བཅས་ལ་དོགས་གཞི་ཆེན་པོ་ཡོང་བཞིན་པ་མ་ཟད། རྒྱ་ནག་དམར་ཤོག་གུང་ཁྲན་ཏང་གི་མཐོ་རིམ་འགོ་ཁྲིད་ཁག་དེ་ལ་འབྲེལ་བ་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཅིང་། ལྷག་པར་དུ་ཨན་བྷང་ཁེ་ལས་ཁང་གི་སྦྱིན་བདག་ཆེ་ཤོས་ཝུའུ་ཞའོ་ཧུ་དང་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཀྱི་འབྲེལ་བར་ཨ་རིའི་རྒྱལ་ནང་དུའང་དོ་སྣང་ཆེན་པོ་བྱུང་སྟེ། ཉེ་ཆར་དབྱིན་ཇིའི་བྷི་བྷི་སི་སོགས་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་དོན་ལྟར་ན་ཨན་བྷང་ཁེ་ལས་ཁང་གི་སྤྱི་ཁྱབ་ཝུའུ་ཞའོ་ཧུ་ནི་རྒྱ་ནག་གི་འགོ་ཁྲིད་འདས་པོ་ཏེང་ཞའོ་ཕིང་གི་ཚ་མོའི་ཁྱོ་ག་ཡིན་པ་རེད།།

XS
SM
MD
LG