ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན།


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༣༧་པ་དེ་མ་འཚོགས་སྔོན་གྱི་གཟའ་འཁོར་གཅིག་གི་སྔོན་ལ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་སྐོར་ལ་རྒྱལ་ཚོགས་ཀྱི་མཐོ་རིམ་ཚོགས་ཆེན་ཞིག་ཚོགས་སྲོལ་ཡོད་ཅིང་། ད་ལོའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་སྐོར་གྱི་རྒྱལ་ཚོགས་ཀྱི་མཐོ་རིམ་ཚོགས་ཆེན་ཐེངས་བཅུ་པ་ཁ་སང་ཕྱི་ཟླ་༢་པའི་ཚེས་༢༠་ཉིན་དབུ་འཛུགས་གནང་སྟེ། ཁ་སང་གི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་དང་ཀུ་པ། ཨི་རན་དང་བྱང་ཀོ་རི་ཡ། པ་ཀི་སི་ཐན་སོགས་གཅིག་སྡུད་རིང་ལུགས་ཀྱི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་ཚབས་ཆེའི་རྡོག་རོལ་ཕོག་ཡོད་པ་བདེན་དཔང་བྱེད་མཁན་མི་ཉི་ཤུ་རྩ་གྲངས་ཤིག་དང་དམངས་གཙོའི་ལམ་ལུགས་ལྡན་པའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི། ཕྱི་འབྲེལ་མི་སྣ་ཁག་དང་མཁས་དབང་རྣམ་པ། ཚོང་པ་དང་སློབ་ཕྲུག གསར་འགོད་པ་སོགས་མཉམ་བཞུགས་གནང་ཡོད་པ་རེད།། ད་ལོའི་ཚོགས་ཞུགས་པའི་ཁོངས་སུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དོན་གཉེར་པ། བོད་པ་དང་ཧོང་ཀོང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་མཁན་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་སོགས་གདན་འདྲེན་ཞུས་ཡོད་པ་མ་ཟད། བོད་པའི་ཕྱོགས་ནས་དེང་སྐབས་སུད་སི་རྒྱལ་ཁབ་ཏུ་གནས་སྡོད་བྱེད་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་དུས་ཡུན་སྐར་མ་བཅུའི་རིང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ གི་གནས་སྟངས་སྐོར་གསུང་བཤད་གནང་རྒྱུ་བྱུང་ཞིང་། ཁོང་གིས་ལོ་འདི་༢༠༠༨་ལོར་བོད་ས་ཡོངས་སུ་ས་བྱིའི་ཞི་རྒོལ་ཆེན་མོ་ལངས་ནས་ལོ་༡༠་ཧྲིལ་བོ་འཁོར་གྱི་ཡོད་པའི་དུས་དྲན་ཡིན་སྟབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་གནས་སྟངས་དེ་ཉིད་སྔར་བཞིན་དཀའ་ངལ་ཅན་གྱི་གནས་སུ་ལྷུང་ཡོད་པར་ཐུགས་སྣང་གནང་དགོས་པའི་འབོད་སྐུལ་ནན་པོ་ཞུས་ཡོད་ཅེས་པ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ཐེངས་འདིའི་ཚོགས་ཆེན་ལ་༢༠༡༥་ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་ནས་བཙན་ཁྲིད་ཀྱིས་རྒྱ་ནག་ལ་ཡུན་རིང་བཀག་ཉར་བྱས་པའི་ཧོང་ཀོང་གི་དཔེ་དེབ་ཚོང་འགྲེམ་པ་ལིའི་རུང་ཇི་ཡང་མཉམ་ཞུགས་བྱས་ཏེ། ཁོང་ལ་རྒྱ་ནག་གཞུང་གིས་མུ་མཐུད་དུ་ལྟ་སྲུང་དང་འཛིན་བཟུང་བྱ་རྒྱུའི་ཉེན་བརྡ་གཏོང་གི་ཡོད་པར་ལྟོས་མེད་ཀྱིས་རྒྱལ་ཚོགས་ཀྱི་ཚོགས་ཆེན་དེར་མཉམ་བཞུགས་གནང་ནས་རྒྱ་གཞུང་གི་བྱེད་ཕྱོགས་རྣམས་ཐེར་འདོན་བྱས་ཡོད། ཁོང་གིས་རྒྱ་ནག་གི་བྱ་སྤྱོད་རྣམས་ཐེར་འདོན་མ་བྱས་ན་ཧོང་ཀོང་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་རེད་ཅེས་གསུངས་ཡོད་པ་དང་། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་སྤྱི་དམངས་ཀྱི་ནུས་པ་ཟེར་པའི་ཚོགས་པ་གསར་འཛུགས་པ་དབྱང་ཅན་ལི་ཡང་ཚོས་ཆེན་དེར་མཉམ་ཞུགས་གནང་སྟེ། ཁོང་གིས་ཚོགས་ཆེན་དབུ་འཛུགས་ཐོག་ཏུ་ང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་མཁན་དཔའ་བོ་དཔའ་མོ་ཚོའི་ལྷན་དུ་མཉམ་འཛོམས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ཁྱེད་རྣམ་པས་དཔའ་ངར་ཆེན་པོས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱས་ཡོད་རེད་ཅེས་གསུངས་ཡོད་པ་རེད།།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG