ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཁེ་ན་ཌའི་སྲིད་བློན་ལ་རྒྱ་གར་གྱིས་སྣེ་ལེན་གཟབ་རྒྱས་མ་ཞུས་པ།


༄༅།།རྒྱལ་ཁབ་གཞན་གྱི་འགོ་ཁྲིད་ཚོ་རྒྱ་གར་ལ་འཚམས་འདྲིར་ཕེབས་ན་རྒྱ་གར་གྱི་སྲིད་བློན་རྣམ་པ་གནམ་ཐང་ལ་ཕེབས་ནས་ཕྱིའི་རྒྱལ་ཁབ་དེའི་འགོ་ཁྲིད་ཚོར་ཕེབས་བསུ་ཞུ་བའི་ལམ་སྲོལ་བཟང་པོ་ཞིག་ཡོད་པ་དང་། ཉེ་ཆར་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ་རྒྱ་གར་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་སྲིད་བློན་མོ་ཌི་གནམ་ཐང་ལ་ཕེབས་ནས་སྲིད་བློན་གཏན་ཞལ་གཉིས་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་ཅིང་། གཟའ་འཁོར་འདིར་ཁེ་ན་ཌའི་སྲིད་བློན་དང་སྐུ་འཁོར་རྣམ་པ། ཁེ་ན་ཌའི་ཚོང་དོན་སྐུ་ཚབ་ཚོགས་པ་ཆེན་པོ་ཞིག་རྒྱ་གར་ལ་འཚམས་འདྲིར་ཕེབས་རུང་རྒྱ་གར་གྱི་ཞིང་ལས་ལྷན་ཁང་གི་དམའ་རིམ་བློན་ཆེན་ཞིག་གནམ་ཐང་ལ་ཕེབས་བསུ་ཞུ་རུ་བཅར་པ་དང་། སྲིད་བློན་མོ་ཌི་དངོས་སུ་གནམ་ཐང་ལ་ཕེབས་མེད་པ་རེད། ཉམས་ཞིབ་པ་ཚོས་སྲིད་བློན་མོ་ཌི་གནམ་ཐང་ལ་མ་ཕེབས་པ་དེ་ཡིས་ཁེ་ན་ཌའི་གཞུང་དང་སྲིད་བློན་ཊུ་ རོ་ཌོ་གཉིས་ལ་རྣམ་འགྱུར་མ་འདྲ་བ་ཞིག་བསྟན་པ་རེད་ཅེས་འགྲེལ་བཤད་བརྒྱབ་སྟེ། རྒྱ་གར་དང་ཁེ་ན་ཌའི་འབྲེལ་བ་བཟང་པོ་མེད་པའི་གླེང་སློང་བྱེད་ཀྱི་ཡོད། ཡིན་ནའང་ཁེ་ན་ཌའི་སྲིད་བློན་གྱིས་སྲིད་བློན་མོ་ཌི་གནམ་ཐང་ལ་སྣེ་ལེན་ཞུ་རུ་མ་ཕེབས་པར་འཁང་ར་གང་ཡང་བཤད་མེད། ཁོང་གིས་བྷམ་བྷེ་གྲོང་ཁྱེར་དུ་ཁེ་ན་ཌ་དང་རྒྱ་གར་གྱི་ཚོང་དོན་གླེང་སྟེགས་ལ་གཏམ་བཤད་བྱས་པའི་རྗེས་སུ་གསར་འགོད་པ་ཚོར་བཤད་པ་ལྟར་ན། ང་ཚོ་མི་མང་པོ་ཞིག་ཉི་མ་མང་པོར་རྒྱ་གར་དུ་འདུག་རྩིས་ཡོད་པར་དམིགས་ཡུལ་གཅིག་ལས་མེད། དེ་ནི་རྒྱ་གར་དང་ཁེ་ན་ཌའི་ཚོང་ལས་དང་དཔལ་འབྱོར་གྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཡིན། ཁེ་ན་ཌ་ལ་མཚོན་ན་རྒྱ་གར་ནི་ཧ་ཅང་གི་གནད་འགག་ཅིག་ལ་རྩི་བཞིན་ཡོད། ང་ཚོས་མ་རྩ་འཛུགས་འཇོག་གི་གྲོས་མཐུན་ཁག་ཅིག་ལ་མིང་རྟགས་བཀོད་ཡོད། རྒྱ་གར་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཁེ་ན་ཌར་ཁ་སྒོར་དུང་ཕྱུར་༡༠་ལྷག་མ་རྩ་འཛུགས་རྒྱུ་ཡིན་པར་དགའ་བསུ་ཡོད། རྒྱ་གར་གྱི་བཟོ་ཚོང་ལས་ཁང་ཞིག་གིས་ཁེ་ན་ཌར་ ཁ་སྒོར་དུང་ཕྱུར་༡༠་ལྷག་མ་རྩ་བཙུགས་ན་ཁེ་ན་ཌའི་སྤྱི་དམངས་༥༨༠༠་ལྷག་ལ་ལས་ཀ་སྤྲོད་ཐུབ་ཅེས་བཤད་འདུག རྒྱ་གར་གཞུང་གིས་ཁེ་ན་ཌའི་སྲིད་བློན་ལ་ཕེབས་བསུ་གཟབ་རྒྱས་ཞུས་མེད་པ་ནི་སིག་རྒྱ་བོ་མཐའ་ལྷུང་རིང་ལུགས་པ་མང་པོ་ཞིག་ཁེ་ན་ཌར་ཡོད་པ་མ་ཟད། ཁོ་ཚོས་རྒྱ་གར་གྱི་པན་ཇབ་མངའ་སྡེ་ཁ་ལི་སི་ཐན་རང་བཙན་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུའི་ཀུན་སློང་བཅངས་ཡོད་པར་ཐུག་ཅིང་། དུས་རབས་སྔོན་མའི་ལོ་རབས་༨༠་ནང་དུ་སིག་རྒྱ་བོ་ཁ་བྲལ་རིང་ལུགས་པ་ཚོས་རྒྱ་གར་གྱི་དབང་སྒྱུར་ལ་ངོ་རྒོལ་བྱས་པར་ཁེ་ན་ཌའི་གཞུང་གིས་རང་གི་ས་ཐོག་ཏུ་ཡོད་པའི་སིག་རྒྱ་བོ་ཚོར་གདུང་སེམས་མཉམ་སྐྱེད་བྱས་ནས་རྒྱ་གར་གཞུང་ལ་ཕོག་ཐུག་སོང་བ་རེད་ཅེས་རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག གཟའ་ཟླ་བའི་ཉིན་ཁེ་ན་ཌའི་སྲིད་བློན་གྱིས་གསར་འགོད་པ་ཚོར་ང་ཚོས་ཁེ་ན་ཌར་ཡོད་པའི་སིག་རྒྱ་བོ་མཐའ་ལྷུང་རིང་ལུགས་པ་ཚོར་རྒྱབ་སྐྱོར་བྱེད་ཀྱིན་མེད། ཁེ་ན་ཌའི་གཞུང་གིས་མངའ་ཁོངས་གོང་བུ་གཅིག་གྱུར་གྱི་རྒྱ་གར་ རྒྱལ་ཁབ་གཅིག་གི་རྩ་འཛིན་དང་ལངས་ཕྱོགས་ལ་ངོས་ལེན་བྱེད་བཞིན་པར་འགྱུར་བ་མེད་རེད་ཅེས་འགྲེལ་བཤད་བརྒྱབ་ཡོད། ༢༠༡༦་ལོར་སྲིད་བློན་ཊི་རུ་ཌོ་ཉི་མ་༡༠་ཐམ་པར་རྒྱ་གར་ལ་འཚམས་འདྲིར་ཕེབས་པའི་སྐབས་སུའང་གནད་དོན་འདིར་གླེང་སློང་བྱུང་སྟེ། ཁོང་གིས་སྐབས་དེར་རྒྱ་གར་ལ་འབྲེལ་བ་རྒྱ་སྐྱེད་གཏོང་གི་ཡོད་པ་ཆབ་སྲིད་ཀྱི་འབྲེལ་བ་གཅིག་པུ་མིན། ཁེ་ན་ཌས་རྒྱ་གར་ལ་དཔལ་འབྱོར་དང་ཚོང་ལས། ཕྱོགས་གཉིས་ཀྱི་འབྲེལ་བ་སྣ་མང་ཞིག་ཡར་རྒྱས་གཏོང་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་འགྲེལ་བཤད་རྒྱག་དགོས་ཐུག་ཡོད། གཟའ་ལྷག་པའི་ཉིན་ཁེ་ན་ཌའི་སྲིད་བློན་དང་པན་ཇབ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཨ་མ་རིན་དྷར་སིང་གཉིས་ཐུག་འཕྲད་གྲོས་མོལ་བྱས་ཡོད་པ་དང་། སྤྱི་ཁྱབ་བློན་ཆེན་ཨ་མ་རིན་དྷར་སིང་གིས་ཁེ་ན་ཌར་ཡོད་པའི་སིག་རྒྱ་བོ་མཐའ་ལྷུང་རིང་ལུགས་པ་ཚོས་ཁ་ལི་སི་ཐན་རང་བཙན་ལས་འགུལ་བསྐྱར་སློང་བྱ་སྲིད་པའི་བློ་འཚབ་ཡོད། ཁེ་ན་ཌའི་གཞུང་གིས་སིག་རྒྱ་བོ་མཐའ་ལྷུང་རིང་ལུགས་པ་ཚོར་ ནོན་སྡོམ་བྱ་དགོས། ད་ཐེངས་ཀྱི་ཐུག་འཕྲད་བརྒྱུད་ནས་རྒྱ་གར་དང་ཁེ་ན་ཌའི་འབྲེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས། ཕྱོགས་གཉིས་ཀྱི་མི་དམངས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་འགྲོ་ཐུབ་པའི་རེ་བ་ཡོད་ཅེས་བཤད་པ་དང་། ཁེ་ན་ཌའི་སྲིད་བློན་ཊུ་རུ་ཌོ་གནས་མཆོག་ཨམ་རིཏ་སར་ཕེབས་ནས་སིག་རྒྱ་བོའི་གསེར་གྱི་ལྷ་ཁང་ཆེན་མོར་མཆོད་མཇལ་དུའང་ཕེབས་ཡོད་པ་དང་། གཟའ་པ་སངས་ཉིན་རྒྱ་གར་གྱི་སྲིད་བློན་ན་རན་དྷ་ར་མོ་ཌིས་ལྡི་ལི་གསར་པར་ཁེ་ན་ཌའི་སྲིད་བློན་ལ་ཐུག་འཕྲད་གྲོས་མོལ་བྱས་ཏེ། ཁོང་ཚོས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཕྱོགས་ལ་གྲོས་མོལ་བྱ་འཆར་ཡོད་པ་དང་། ༡༩༨༠་གྱ་གྲངས་སུ་རྒྱ་གར་གཞུང་གིས་སིག་རྒྱ་བོ་ཁ་བྲལ་རིང་ལུགས་པ་ཚོར་དྲག་གནོན་བྱས་ནས་ཁ་ལི་སི་ཐན་གྱི་རང་བཙན་ལས་འགུལ་ཉམས་དམས་སུ་བཏང་ཡོད། ཡིན་ནའང་ད་དུང་ཡང་རྒྱ་གཞུང་ལ་སིག་རྒྱ་བོའི་ཁ་བྲལ་ལས་འགུལ་དང་ཁ་ལི་སི་ཐན་རང་བཙན་རྒྱལ་ཁབ་ ཅེས་པའི་ཐ་སྙད་རྣམས་ཧ་ཅང་ཚོར་སྐྱེན་རྣོན་པོ་ཞིག་ཡིན་པར་འགྱུར་བ་ཐེབས་མེད་པ་རེད།།

XS
SM
MD
LG