ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དགེ་སྒྲུབ་ཆེན་མོའི་ལས་འགུལ།


༄༅།། བོད་ཀྱི་ལོ་སར་དང་སྟབས་བསྟུན་ཏེ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་གསེར་གདུང་ཆེན་མོའི་མདུན་ནས་དབུས་ཀྱི་ལྷ་སའི་ཇོ་བོའི་མདུན་བར་དུ་ཕྱག་འཚལ་གདང་སྦྲེལ་གྱི་དགེ་སྒྲུབ་ཆེན་མོ་ཞེས་པའི་ལས་འགུལ་ཞིག་སྤེལ་བཞིན་པ་དེ་ལ་བོད་པ་དད་ལྡན་སྟོང་ཕྲག་མང་པོ་མཉམ་ཞུགས་བྱེད་ཅིང་། དེ་ཡང་བོད་རྒྱལ་ལོ་༢༡༤༥། རབ་གནས་ས་ཁྱི་ལོའི་ལོ་གསར་པ་དང་སྟབས་བསྟུན་ནས་བོད་པ་དད་ལྡན་མང་ཚོགས་ཀྱིས་སྣེ་ཁྲིད་པའི་དགེ་སྒྲུབ་ཆེན་མོའི་ལས་འགུལ་འདིར་མཉམ་ཞུགས་བྱེད་འདོད་ཡོད་མཁན་ཚོས་རང་གི་ས་གནས་དང་མིང་། སྐད་འཕྲིན་དང་འཕྲིན་ཚོམས་སོགས་སུ་ཐོ་འགོད་བྱས་པ་ནས་མགོ་བརྩམས་ཏེ་ས་གནས་སོ་སོར་དམིགས་བསལ་འགན་ཁུར་བ་གཏན་འབེབས་ཀྱིས་ཉིན་གཅིག་དུས་གཅིག་ལ་ས་གནས་སོ་སོའི་མི་གྲངས་མང་ཉུང་ལྟར་ཕྱག་འཚལ་སའི་ལམ་ཐག་བགོ་བཤའ་བརྒྱབ་ནས་དགེ་སྒྲུབ་ཀྱི་ལས་འགུལ་ཆེན་མོ་འདི་སྤེལ་ཡོད་པ་མ་ཟད། བྱིས་པ་དང་རྒན་རྒོན་ཚོས་རང་ཁྱིམ་དུ་ཕྱག་འཚལ་ཡང་དགེ་སྒྲུབ་འདིའི་ཁོངས་སུ་འཇུག་བཞིན་ཡོད་ཅེས་བརྡ་ཁྱབ་བཏང་འདུག ལམ་བར་དུ་ཁ་བ་དང་གྲང་ངར། འདམ་རྫབ་སོགས་གང་ལ་ཡང་མ་འཛེམས་པར་བོད་པ་དད་ལྡན་མང་ཚོགས་རྣམས་དགེ་སྒྲུབ་ཀྱི་ལས་འགུལ་འདིར་མཉམ་ཞུགས་མཁན་མི་གྲངས་ཁྲི་ཚོ་གཅིག་ལྷག་བརྒལ་ཞིང་། བོད་ཀྱི་ས་གནས་སོ་སོར་དགེ་སྒྲུབ་ཀྱི་ལས་འགུལ་འདི་སྤེལ་བཞིན་ཡོད་པའི་བརྙན་འཕྲིན་དང་འདྲ་པར་སོགས་མཐོང་རིག་འབྱུང་གི་ཡོད་པ་རེད།།

XS
SM
MD
LG