ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་འཛིན་ཛུ་མ་གནས་དབྱུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ལྷོ་ཨ་ཧྥི་རི་ཀའི་གཞུང་འཛིན་རྒྱལ་ཡོངས་ཚོགས་པའི་གནོན་ཤུགས་འོག་ཏུ་སྲིད་འཛིན་ཇེ་ཀོབ་ཛུ་མས་རང་གི་ལས་གནས་ནས་དགོངས་པ་ཞུས་ནས་སྲིད་འཛིན་གཞོན་པ་ར་མ་ཧྥོ་ས་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་གསར་པར་འོས་འདེམས་བྱུང་ཞིང་། དེར་བརྟེན་འདས་པའི་ལོ་དགུའི་རིང་ལ་སྲིད་འཛིན་ཇེ་ཀོབ་ཛུ་མར་ལྐོག་ཟ་དང་ཁྲིམས་འགལ། སྲིད་དབང་ལོག་སྤྱོད་བྱས་པ་སོགས་ཀྱི་ལབ་གླེང་མང་པོ་བྱུང་སྟེ། ཁོང་གིས་ལྷོ་ཨ་ཧྥི་རི་ཀའི་སྲིད་དབང་བཟུང་བའི་རིང་དེར་ཁ་ཆག་རྣ་རལ་དང་བཀྲ་མ་ཤིས་པ་ཤ་སྟག་བྱུང་བའི་དུས་སྐབས་དེ་ཉིད་མཇུག་བསྒྲིལ་འདུག ལོ་ན་༧༥་ལ་སོན་པའི་སྲིད་འཛིན་ཇེ་ཀོབ་ཛུ་མས་དུས་ཡུན་སྐར་མ་༣༠་ཐམ་པའི་རིང་དུ་རྒྱལ་ཡོངས་མི་དམངས་ལ་ང་སྲིད་འཛིན་གྱི་ལས་དུས་མ་ཚང་སྔོན་ལ་གནང་བ་ཞུ་རུ་བཅུག་པར་མོས་མཐུན་མེད། ཡིན་ནའང་ངས་ལྷོ་ཨ་ཧྥི་རི་ཀ་རྒྱལ་ཡོངས་གཞུང་འཛིན་ཚོགས་པའི་ཐག་གཅོད་ལ་དང་ལེན་བྱ་ཆོག ང་ནི་དུས་དང་རྣམ་པ་ཀུན་ཏུ་སྲིད་དོན་ཚོགས་པའི་སྒྲིག་ཁྲིམས་ལ་སྲུང་བརྩི་བྱེད་མཁན་ཞིག་ཡིན། ངའི་མཚན་གནས་ཀྱི་ཆེད་དུ་མིའི་ཚེ་སྲོག་འཆོར་དུ་འཇུག་འདོད་མེད། ང་ལ་ལྷོ་ཨ་ཧྥི་རི་ཀ་རྒྱལ་ཡོངས་ཚོགས་གཞུང་འཛིན་ཚོགས་པའི་མཐུན་སྒྲིལ་ལ་གཏོར་བརླག་བྱེད་འདོད་མེད་ཅེས་བཤད་ཡོད་ཅིང་། སྲིད་འཛིན་ཇེ་ཀོབ་ཛུ་མ་གནས་དབྱུང་མ་བཏང་སྔོན་ལ་ལྷོ་ཧྥི་རི་ཀའི་ཉེན་རྟོག་པ་ཚོས་རྒྱ་གར་བ་འབྱོར་ལྡན་པ་གུབ་ཏ་ཚང་གི་ཁྱིམ་ལ་སྔོག་བཤེར་བྱས་པ་མ་ཟད། སྲིད་འཛིན་ཇེ་ཀོབ་ཛུ་མའི་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་གྱི་སྐྱོན་འཛུགས་ཁག་གུབ་ཏ་ཁྱིམ་ཚང་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། སྲིད་འཛིན་ཇེ་ཀོབ་ཛུ་མ་དང་གུབ་ཏ་ཚང་གིས་ལྐོག་ཟ་དང་ཁྲིམས་འགལ་བྱས་ཡོད་པའི་སྐྱོན་འཛུགས་ཁག་ལ་ངོས་ལེན་བྱས་མེད། ན་ནིང་ཕྱི་ཟླ་༡༢་ནང་དུ་ལྷོ་ཨ་ཧྥི་རི་ཀའི་རྒྱལ་ཡོངས་གཞུང་འཛིན་ཚོགས་པས་སྲིད་འཛིན་གཞོན་པ་ར་མ་ཧྥོ་ས་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ལ་བསྐོ་བཞག་བྱས་ཏེ། ཉི་མ་གཉིས་ཀྱི་སྔོན་ལ་སྲིད་འཛིན་ཇེ་ཀོབ་ཛུ་མར་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་བཀའ་བཏང་རུང་ཁ་སང་ལྷག་པའི་ཉིན་སྲིད་འཛིན་ཇེ་ཀོབ་ཛུ་མས་གནང་བ་ཞུས་མེད་པས་ལྷོ་ཨ་ཧྥི་རི་ཀ་རྒྱལ་ཡོངས་གཞུང་འཛིན་ཚོགས་པས་ཁ་གཏད་ཚོགས་པར་མཉམ་འབྲེལ་བྱས་ནས་ལྷོ་ཨ་ཧྥི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་སུ་སྲིད་འཛིན་ཇེ་ཀོབ་ཛུ་མ་གནས་དབྱུང་གཏོང་རྒྱུའི་གྲོས་ཆོད་འཇོག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་ཡོད། དེ་ནས་ཕྱི་ཟླ་༢་ཚེས་༡༥་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་ཇེ་ཀོབ་ཛུ་མས་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཐུག་ཡོད། ༡༩༩༤་ལོར་ལྷོ་ཨ་ཧྥི་རི་ཀར་མི་རིགས་དབྱེ་འབྱེད་ཀྱི་ལམ་ལུགས་མཇུག་བསྒྲིལ་ནས་བཟུང་སྟེ་ནལ་སེན་མན་ཌ་ལ་མི་རིགས་ནག་པོའི་སྲིད་འཛིན་དང་པོ་དང་མམ་བྷེ་ཀི་སྲིད་འཛིན་གཉིས་པ། ཇེ་ཀོབ་ཛུ་མ་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་གསུམ་པར་འོས་འདེམས་བྱུང་ཞིང་། ཐོག་མར་ཇེ་ཀོབ་ཛུ་མ་ལྷོ་ཨ་ཧྥི་རི་ཀར་མི་རིགས་དབྱེ་འབྱེད་ཀྱི་ལམ་ལུགས་མཇུག་བསྒྲིལ་བྱེད་པའི་འཐབ་རྩོད་ལ་ཞུགས་ནས་བྱས་རྗེས་ཆེན་པོ་བཞག་ཡོད། འོན་ཀྱང་ཁོ་པར་བུ་ཕྲུག་༢༢་དང་ཆུང་མ་བཞི་ཡོད་པས་ཇེ་ཀོབ་ཛུ་མ་མི་ཚེ་ཧྲིལ་བོར་ཁ་མཆུ་དང་རྩོད་གཞི་རྒྱུན་ཆད་མེད་པར་བྱུང་སྟེ། ལྷོ་ཨ་ཧྥི་རི་ཀའི་གསར་འགྱུར་ལས་ཁང་གིས་སྲིད་འཛིན་ཇེ་ཀོབ་ཛུ་མའི་མཐུན་གྲོགས་གཙོ་བོ་རྒྱ་གར་བ་གུབ་ཏ་ཚང་གི་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་སྤེལ་ཡང་གུབ་ཏ་ཚང་གི་ཁྲིམས་རྩོད་པས་གུབ་ཏ་ཕུ་ནུ་རྣམས་ལས་མི་གཅིག་ཀྱང་འཛིན་བཟུང་བྱས་མེད་ཅེས་བཤད་འདུག ལོ་གཉིས་ཀྱི་གོང་དུ་ལྷོ་ཨ་ཧྥི་རི་ཀའི་ལྐོག་ཟ་ཞིབ་འཇུག་ཁང་གིས་ཤོག་ལྷེ་༣༥༠་ཡོད་པའི་སྙན་ཐོ་ཞིག་བཏོན་ནས་གུབ་ཏ་ཁྱིམ་ཚང་གིས་སྲིད་འཛིན་ཇེ་ཀོབ་ཛུ་མར་འབྲེལ་བ་ཡོད་པའི་དཔུང་ཤུགས་ངོམས་ཏེ་གཞུང་གི་བཟོ་ཚོང་ལས་ཁང་ཁག་སྒེར་འཛིན་བྱེད་ཀྱིན་འདུག ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་འགྲོ་གྲོན་བཏང་བའི་ཕྱུགས་ལས་ཐོན་སྐྱེད་ཀྱི་ཁེ་ཕན་རྣམས་ཀྱང་སྲིད་འཛིན་ཇེ་ཀོབ་ཛུ་མ་སྒེར་ལ་ཐོབ་ཀྱིན་འདུག་ཅེས་ཐེར་འདོན་བྱས་པ་དང་། ལྷོ་ཨ་ཧྥི་རི་ཀའི་ཉེན་རྟོག་པར་འབྲེལ་བ་ཡོད་པའི་མི་ཚོས་སྲིད་འཛིན་ཇེ་ཀོབ་ཛུ་མ་དང་གུབ་ཏ་ཚང་གི་མི་འགའ་ཞིག་ལ་ཁྲིམས་འགལ་གྱི་ནག་ཉེས་ཕོག་ནས་འཛིན་བཟུང་བྱ་སྲིད་ཅེས་བཤད་འདུག

XS
SM
MD
LG