ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གིས་ཀུ་ཤུའི་འཕྲིན་མཛོད་ལ་སྟངས་འཛིན་ཐུབ་བམ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་ཀུ་ཤུ་བཟོ་ཚོང་ཁང་གིས་སྤྱི་ཟླ་༢་པའི་ཚེས་༢༨་ནས་བཟུང་སྟེ་བདག་སྤྲིན་ནམ། ཨད་ཁི་ལུའུ་སྦྲི་ཞེས་པའི་ཀུ་ཤུའི་ཁ་པར་རམ། རྩིས་འཕྲུལ་གྱི་རྒྱུ་ཆ་ཉར་ཡུལ་འཕྲིན་མཛོད་བདག་གཉེར་བྱ་ས་ཞིག་རྒྱ་ནག་ཀུའི་ཀྲུག་གྲོང་ཁྱེར་ལ་གསར་དུ་སྒོ་འབྱེད་ཀྱི་ཡོད་ཅིང་། རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་ལྷན་ཚོགས་ཀྱིས་གསར་འགོད་པ་ཚོས་སྤྱི་ཟླ་༢་པའི་ཚེས་༢༨་ཀྱི་སྔོན་ལ་རྒྱ་ནག་གི་ས་ཐོག་ནས་ཐོ་འགོད་བྱས་པའི་ཀུ་ཤུའི་བདག་སྤྲིན་གྱི་མཉེན་ཆས་བེད་སྤྱོད་གཏོང་བཞིན་པ་མཚམས་འཇོག་བྱེད་པའམ། ཡང་ན་སོ་སོའི་བདག་སྤྲིན་མཉེན་ཆས་ཐོ་འགོད་བྱ་ཡུལ་རྒྱལ་ཁབ་ཀྱི་ཐོ་ཁུངས་ནས་རྒྱ་ནག་བརྗེ་སྟེ་རྒྱལ་ཁབ་གཞན་གྱི་མིང་ཐོག་ཏུ་ཐོ་འགོད་བྱ་དགོས་པའི་འབོད་སྐུལ་ཞུས་འདུག བདག་སྤྲིན་ཞེས་པའི་ཀུ་ཤུའི་མ་ལག་གི་མཉེན་ཆས་འདིར་ཀུ་ཤུའི་ཁ་པར་རམ། ཨ་ཕད། རྩིས་འཕྲུལ་སོགས་བེད་སྤྱོད་གཏོང་མཁན་དག་གི་དུས་རྒྱུན་འབྲེལ་བ་བྱ་སའི་མི་དང་ཁ་པར་ཨང་གྲངས། འདྲ་པར། ཡིག་ཆ། གློག་འཕྲིན་གྱི་ནང་དོན་ཁག་བཅས་གསོག་ཉར་བྱ་ཐུབ། ཀུ་ཤུ་བཟོ་ཚོང་ཁང་གི་གཞུང་འབྲེལ་དྲ་ཚིགས་སུ་སྤྱི་ཟླ་༢་ཚེས་༢༨་ནས་བཟུང་སྟེ་བདག་སྤྲིན་ཅེས་པའི་ཀུ་ཤུའི་བརྡ་འཕྲིན་གྱི་མཛོད་དེ་རྒྱ་ནག་ཀུའི་ཀྲུག་གྲོང་ཁྱེར་དུ་སྤོར་ཡོད། ང་ཚོས་རྒྱ་ནག་གི་ཁྲིམས་དང་སྒྲིག་སྲོལ་ལ་མཐུན་པའི་སྒོ་ནས་རྒྱ་ནག་གི་བདག་སྤྲིན་བེད་སྤྱོད་བཏང་སྟེ་མྱུར་ཚད་སོགས་ལ་འགྱུར་བ་གཏོང་ཐབས་བྱེད་བཞིན་ཡོད་ཅེས་འཁོད་འདུག ཡིན་ནའང་རྒྱལ་མཚམས་མེད་པའི་གསར་འགོད་པའི་ལྷན་ཚོགས་ཀྱིས་རྒྱ་ནག་གི་ཀུའི་ཀྲུག་ཏུ་འཛུགས་འཆར་ཡོད་པའི་བརྡ་འཕྲིན་གྱི་མཛོད་འདི་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་སྟབས་ཀྱིས་བདག་སྤྲིན་གྱི་ཁ་བྱང་རྒྱ་ནག་ལ་ཐོ་འགོད་བྱས་ཡོད་པའི་གསར་འགོད་པ་དང་དྲ་ཐོག་ཏུ་ཟིན་བྲིས་འབྲི་མཁན་ཚོའི་བདེ་འཇགས། ཁོ་ཚོའི་བརྡ་འཕྲིན་གྱི་ནང་དོན་ཁག་གི་གསང་བ་རྣམས་རྐུ་འཁྱེར་བྱ་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་པའི་ཅེས་བསྟན། སྤྱིར་ཀུ་ཤུ་བཟོ་ཚོང་ཁང་གིས་མི་སྒེར་གྱི་གསང་བ་སོགས་སྲིད་གཞུང་ལ་མི་སྤྲོད་རྒྱུའི་ཁས་ལེན་བྱས་ཀྱང་རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་ལྷན་ཚོགས་ཀྱི་འགན་འཛིན་གྱིས་ཀུ་ཤུ་བཟོ་ཚོང་ཁང་གིས་མི་སྒེར་གྱི་གསང་བ་རྣམས་ཕྱི་ལ་མི་འཁྱར་རྒྱུའི་ཁས་ལེན་ཇི་ལྟར་བྱས་ཀྱང་དེ་ལ་ངེས་གཏན་ཅི་ཡང་མེད། རྒྱ་ནག་གཞུང་གིས་དྲ་རྒྱའི་བརྒྱུད་ལམ་དུ་སྟངས་འཛིན་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ཚེ། དུས་ཚོད་ཀྱི་སྔ་གཞུག་མ་གཏོགས་རྒྱ་ནག་གཞུང་གིས་མི་སྒེར་གྱི་གསང་བའི་གནས་ཚུལ་ལ་ཐེ་གཏོགས་བྱ་སྲིད་ཅེས་བརྗོད་འདུག དེའི་རྒྱུ་མཚན་ནི་རྒྱ་ནག་གི་ཀུའི་ཀྲུག་གྲོང་ཁྱེར་གྱི་བདག་སྤྲིན་དོ་དམ་པས་བདག་སྤྲིན་བེད་སྤྱོད་གཏོང་མཁན་ལ་བཏོན་པའི་ཆ་རྐྱེན་དེར་བདག་སྤྲིན་བེད་སྤྱོད་གཏོང་མཁན་གྱིས་ཀུ་ཤུ་བཟོ་ཚོང་ཁང་ངམ། ཡང་ན་ཀུའི་ཀྲུག་བདག་སྤྲིན་ལ་སྐྱེ་བོ་སྒེར་པ་ཚོས་ཉར་འཇོག་བྱས་ཡོད་པའི་རྒྱུ་ཆ་རྣམས་ཁྲིམས་ལུགས་གཞིར་བཟུང་གིས་ཕན་ཚུན་མཉམ་སྤྱོད་དང་བརྗེ་ལེན་བྱ་ཆོག་པའི་དབང་ཚད་ཡོད་པར་དོ་བདག་སོ་སོས་མོས་མཐུན་བྱ་དགོས་ཞེས་གསལ་བཤད་བྱས་ཡོད་པ་རེད། ཉེ་ཆར་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ཁྲེང་གྭང་ཁྲེན་གྱིས་ནེའུ་ཡོཀ་དུས་བབ་ཚགས་པར་ལ་ཀུ་ཤུ་བཟོ་ཚོང་ཁང་གིས་སྒེར་གཅོད་ཀྱི་སྲིད་གཞུང་ཞིག་ལ་རྒྱ་ནག་གི་ཀུ་ཤུ་བེད་སྤྱོད་གཏོང་མཁན་རྣམས་གཡོ་འཚོང་བྱེད་ཀྱིན་འདུག་ཅེས་རྩོམ་ཡིག་བཀོད་པ་དང་། རྩོམ་ཡིག་དེར་ཀུ་ཤུ་བཟོ་ཚོང་ཁང་གིས་ཚོང་ཆེན་པོ་ཞིག་རྒྱག་གི་འདུག ཡིན་ནའང་ཁོ་ཚོས་གཉེར་བཞིན་པའི་ཚོང་ལས་ཆེན་པོ་དེ་ཀུ་ཤུའི་ཁ་པར་ཐོན་རིམ་གསར་པ་མ་ཡིན་པར་ཀུ་ཤུ་བེད་སྤྱོད་གཏོང་མཁན་མི་མང་སྒེར་པ་དག་གིས་ཉར་འཛིན་བྱས་ཡོད་པའི་མི་སྒེར་གྱི་བརྡ་འཕྲིན་གྱི་རྒྱུ་ཆ་རྣམས་རེད། ཁོ་ཚོས་རྒྱུ་ཆ་འདི་དག་འཛམ་གླིང་གི་ཆེས་གདུག་རྩུབ་ཆེ་ཞིང་སྒེར་གཅོད་སྲིད་གཞུང་ཆེ་ཤོས་སུ་གྱུར་པའི་རྒྱ་ནག་གུང་ཁྲང་ཏང་གི་སྲིད་གཞུང་ལ་སྤྲོད་བཞིན་པ་རེད། ཞིས་ཅིན་ཕིང་གི་དབང་སྒྱུར་འོག་ཏུ་རྒྱ་ནག་སྲིད་གཞུང་གིས་མུ་མཐུད་དུ་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་ལ་ཅི་ནུས་ཀྱིས་ཤུགས་རྐྱེན་ཐེབས་ཐབས་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་ཀུ་ཤུ་བཟོ་ཚོང་ཁང་ལ་བཏོན་པའི་སྲིད་ཇུས་འདི་དག་གིས་ང་ཚོ་ཚང་མར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད་ཅེས་བཀོད་འདུག

XS
SM
MD
LG