ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གློད་གྲོལ་རྗེས་སུའང་ཆབ་སྲིད་ཁེ་དབང་མེད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བཙན་པོའི་སྙིང་སྟོབས་ཞེས་པའི་སྒེར་གཉེར་དུས་དེབ་ཅིག་གི་རྩོམ་སྒྲིག་པ་དང་རྩོམ་པ་པོ་གཅིག་ལྕོགས་འགར་རྩེ་འཇིགས་མེད་ལོ་ལྔའི་ཡར་སྔོན་དུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་པའི་ནག་ཉེས་བཙུགས་ནས་ལོ་ལྔར་བཙོན་འཇུག་གི་ཁྲིམས་ཐག་བཅད་ཅིང་། ད་ལྟ་འགར་རྩེ་འཇིགས་མེད་ཀྱི་བཙོན་འཇུག་ལོ་དུས་ཡོངས་སུ་ཚང་སྟེ་གློད་གྲོལ་བཏང་རུང་སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་ལ་ཞུགས་མི་ཆོག་པ་དང་གང་འདོད་དུ་འགྲོ་སྐྱོད་བྱ་མི་ཆོག་པ། དགོན་པར་ཕྱིར་ལོག་བྱ་མི་ཆོག་པ་བཅས་ལོ་གཅིག་གི་རིང་ལ་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་འདུག འགར་རྩེ་འཇིགས་མེད་གློད་གྲོལ་བཏང་སྐབས་སུ་ས་གནས་མང་ཚོགས་རྣམས་འགྲུལ་བཞུད་བྱ་ས་བརྒྱུད་ནས་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་སྟེ་བདེ་སྲུང་མི་སྣ་ལྔའི་ལྟ་རྟོག་འོག་ཏུ་ཟི་ལིང་ལ་བསྐྱོད་དགོས་བྱུང་ཡོད་པ་མ་ཟད། བཟའ་མི་ཚོས་འགར་རྩེ་འཇིགས་མེད་བཙོན་གྲོལ་ཐོབ་པར་དགའ་བསུ་ཞུས་པའི་འདྲ་པར་སོགས་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་སྤེལ་ཡོད་རྣམས་ཀྱང་འཕྲལ་དུ་ནག་བསུབ་གཏོང་དགོས་པའི་བཀའ་རྒྱ་བཏང་སྟེ་འཇིགས་སྐུལ་བྱས་ཡོད་པའི་གནས་ཚུལ་ཐོན་ཞིང་། ད་ལྟའི་ཆར་འགར་རྩེ་འཇིགས་མེད་ཀྱི་གཟུགས་གཞིའི་གནས་སྟངས་ལ་ཚད་ལྡན་གྱི་བརྟག་དཔྱད་བྱེད་ཐུབ་མེད་ཀྱང་ཕར་བལྟས་ཚོད་ཀྱིས་གཟུགས་པོ་ཧ་ཅང་སྐམ་རིད་དུ་གྱུར་འདུག་ཅེས་འགྲེལ་བརྗོད་བྱེད་བཞིན་པ་རེད།།

XS
SM
MD
LG