ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཝྭེ་ཊི་ཁན་གྱིས་རྒྱ་ནག་གི་ཆོས་དཔོན་༧་ལ་ངོས་ལེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཆེན་པོ་ཝྭེ་ཊི་ཁན་གྱིས་རྒྱ་ནག་དམར་ཤོག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་ཁག་ཅིག་ལ་ངོས་ལེན་བྱས་པའི་གནས་ཚུལ་ཐོན་པར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གླེང་སློང་དང་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། ཉེ་ཆར་སྤྱི་ཟླ་༡༢་ཚེས་༡་ཉིན་རྒྱ་ནག་གཞུང་གིས་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་གསར་པའང་ལག་ལེན་བསྟར་ཡོད་ཅིང་། སྤྱིར་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཆོས་ཤུའི་ཆོས་དཔོན་ཁག་ལ་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ཆགས་པའི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཆེན་པོ་ཝྭེ་ཊི་ཁན་དང་བླ་ཆེན་ཕོབ་རིམ་པ་ཞིག་གིས་ངོས་ལེན་བྱས་མེད་པ་དང་རྒྱ་ནག་དང་གདན་ས་ཝྭེ་ཊི་ཁན་ལ་འབྲེལ་བ་ཆད་དེ། རྒྱ་གཞུང་གིས་ཆོས་ལུགས་ཀྱི་ལས་དོན་ཁག་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པར་གདན་ས་ཝྭེ་ཊི་ཁན་གྱི་ལས་སྣེ་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད་མོད། འོན་ཀྱང་ཡེ་ཤུ་གནམ་བདག་ཆོས་ལུགས་དབུ་ཁྲིད་ཕོབ་ཧྥ་རན་སེ་སི་ཁྲི་འཛིན་པ་འདི་བས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་༧་ལ་ངོས་ལེན་བྱ་རྒྱུའི་གྲོས་མཐུན་གནང་སྟེ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་རྒྱལ་ཁ་ཆེན་པོ་ཞིག་དང་། ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་ཕོབ་འབའ་ཞིག་ལ་འཛམ་གླིང་ཡུལ་གྲུ་ཁག་གི་ཆོས་དཔོན་རྣམས་བསྐོ་བཞག་གནང་ཆོག་པའི་ལོ་རྒྱུས་ཀྱི་སྐུ་དབང་དབང་ཡོད་པ་རྣམས་བློས་གཏོང་མཛད་པ་མ་ཟད། རྒྱ་ནག་གཞུང་གིས་མི་དམངས་ཀྱི་ཆོས་དད་རང་དབང་ལ་དམ་དྲག་ཇེ་ཆེར་གཏོང་བཞིན་པའི་སྐབས་འདིར་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བློ་ཆེན་ཕོབ་མཆོག་གིས་སྲིད་དབང་སྒེར་གཅོད་ཀྱི་གཞུང་ཞིག་ལ་མགོ་སྒུར་པ་རེད་ཅེས་སྐྱོན་བརྗོད་ཞུ་མཁན་བྱུང་ཡོད་པ་རེད། འདས་པའི་དུས་རབས་ཕྱེད་ཀ་ལྷག་ལ་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་ཁག་ལ་ངོས་ལེན་ནམ། ཡང་ན་ཡེ་ཤུའི་ཆོས་དཔོན་དེ་དག་ལ་ལུགས་མཐུན་གྱི་ཆོ་ལོ་བསྩལ་མེད། དེར་བརྟེན་རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་ཚོས་སྲིད་གཞུང་གི་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་ཚོར་མཐོང་འཇོག་དང་གུས་བརྩི་བྱེད་ཀྱི་མེད་ཅིང་། ད་ལྟ་གསར་དུ་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་༧་ཡང་རྒྱ་ནག་གཞུང་གིས་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་སྲོལ་རྒྱུན་ལ་མཐུན་པའི་སྒོ་ནས་བསྐོ་བཞག་བྱས་མེད་པ་ཞིག་མིན་པས་མི་དམངས་ཀྱིས་ཆོས་དཔོན་གསར་པ་རྣམས་ཁྲིམས་འགལ་གྱི་ཆོས་དཔོན་ལ་ངོས་འཛིན་བྱ་སྲིད་པའི་ཉེན་ཀ་ཡོད་པ་རེད། རོ་ཡེ་ཀྲར་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་པར་གཞིགས་ན་གདན་ས་ཆེན་པོ་ཝྭེ་ཊི་ཁན་དང་རྒྱ་ནག་གཞུང་གཉིས་གྲོས་མཐུན་བྱུང་བ་འདིར་འབྱུང་འགྱུར་གྱི་ཟླ་ཤས་ནང་དུ་མིང་རྟགས་འགོད་རྒྱུ་དང་། དེ་ནས་རྒྱ་ནག་སྐམ་ས་ཆེན་མོ་དང་གདན་ས་ཆེན་པོ་ཝྭེ་ཊི་ཁན་གྱི་དངོས་སུ་ཕྱི་འབྲེལ་སླར་གསོ་བྱས་ནས་༡༩༥༠་ནས་གདན་ས་ཝྭེ་ཊི་ཁན་གྱིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པ་གཅོད་སྲིད་པས་རྒྱ་ནག་སྐམ་ས་ཆེན་མོ་དང་གདན་ས་ཝྭེ་ཊི་ཁན་གྱི་འབྲེལ་བར་མདུན་སྐྱོད་ཆེན་པོ་ཞིག་འབྱུང་སྲིད། དེང་སྐབས་རྒྱ་ནག་ལ་སྲིད་གཞུང་གིས་བཙུགས་པའི་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འཇུག་པའི་མཐུན་ཚོགས་དང་སྲིད་གཞུང་གིས་ངོས་ལེན་མེད་པའི་ཡེ་ཤུའི་ཆོས་དད་པའི་སྡེ་ཞེས་ཆོས་སྡེ་གཉིས་སུ་གྱེས་ཡོད། རྒྱལ་སྤྱིའི་ཉམས་ཞིབ་པས་༢༠༡༥་ལོར་རྒྱ་ནག་ལ་སྲིད་གཞུང་གིས་ངོས་ལེན་ཡོད་པའི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་ས་ཡ་༧་ལྷག་ཡོད་པ་དང་སྲིད་གཞུང་གིས་ངོས་ལེན་མེད་པའི་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་བྱེ་བ་༡་དང་ས་ཡ་༥་ལྷག་ཡོད་པའི་བསྡོམས་ཐོ་བཀོད། ཉམས་ཞིབ་པ་ཚོས་ཐེངས་འདིར་རྒྱ་ནག་གཞུང་དང་གདན་ས་ཝྭེ་ཊི་ཁན་གྱི་འབྲེལ་བ་ཡར་རྒྱས་ཕྱིན་ན་པེ་ཅིང་གཞུང་གིས་ངོས་ལེན་བྱེད་ཀྱི་མེད་པའི་ཡེ་ཤུའི་ཆོས་སྡེ་ཁག་ལ་ཕམ་གྱོང་རེག་རྒྱུའི་ཉེན་ཁ་ཡོད། རྒྱ་ནག་གཞུང་དང་གདན་ས་ཝྭེ་ཊི་ཁན་གཉིས་ཀྱིས་ཆོས་དཔོན་བསྐོ་བཞག་བྱེད་ཕྱོགས་ལ་གྲོས་མཐུན་འཇོག་པའི་དུས་སུ་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཀྱི་མེད་པའི་ཡེ་ཤུའི་ཆོས་སྡེ་ཁག་ལ་སྲིད་གཞུང་གིས་ངོས་ལེན་བྱ་དགོས་ཞེས་ཝྭེ་ཊི་ཁན་གྱི་ལས་སྣེ་ཚོས་རེ་འདུན་འདོན་རྒྱུ་གནད་འགག་ཆེན་པོ་ཡིན་ཞེས་ནན་སྐུལ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་དབྱང་ཅིན་ལིས་རྒྱ་གཞུང་གིས་གདན་ས་ཝྭེ་ཊི་ཁན་ལ་ཕྱི་འབྲེལ་བཙུགས་ནས་ཐེ་ཝན་ལ་གནོན་ཤུགས་སྤྲོད་རྒྱུ་དང་། རྒྱ་ནག་སྐམ་ས་ཆེན་མོའི་ཡེ་ཤུའི་ཆོས་དད་པ་ཚོར་གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་ཕོབ་མཆོག་གིས་ཤུགས་རྐྱེན་ཐེབས་བཞིན་པ་འགོག་ཐབས་བྱ་རྒྱུ། རིམ་བཞིན་རྒྱ་ནག་གི་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འཇུག་པ་མཆིས་སོ་ཅོག་གུང་ཁྲན་ཏང་གིས་སྟངས་འཛིན་འོག་ཏུ་བསྡུའི་དམིགས་ཡུལ་བཅངས་འདུག་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།།

XS
SM
MD
LG