ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཞིན་ཅང་ལ་དྲག་གནོན་རྒྱུན་འཁྱོངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཐོག་མར་༢༠༡༤་ལོར་རྒྱ་ནག་གཞུང་གིས་ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་ལ་དྲག་གནོན་བྱེད་པའི་ལས་འགུལ་ཞིག་སྤེལ་དགོས་པ་དང་ལས་འགུལ་དེ་དུས་ཡུན་ལོ་གཅིག་གི་ནང་ཚུད་དུ་མཇུག་བསྒྲིལ་དགོས་ཞེས་ཁྱབ་བསྒྲགས་བྱས་ཀྱང་ཞིན་ཅང་ལ་ཞི་བདེ་བརྟན་ལྷིང་མེད་པའི་གནས་སྟངས་སྡུག་ཏུ་སོང་སྟེ། རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་རིང་ལ་ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་པ་ཚོར་དྲག་གནོན་བྱེད་པའི་ལས་འགུལ་དེ་ཉིད་རྒྱུན་སྐྱོང་བྱས་ཡོད་ཅིང་། དཔེར་ན་རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་ཅེས་གདུག་རྩུབ་ཆེ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ཡུ་གུར་མི་རིགས་ལ་སྡང་ཟུག་བྱ་རྒྱུ་ཤུགས་ཆེ་རུ་སོང་བ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་པེ་ཅིང་གི་དབང་འཛིན་པ་ཚོས་འཇིགས་སྐུལ་རིང་ལུགས་ལ་ལན་ཁག་གཡར་ནས་ཞིན་ཅང་གི་ཡུ་གུར་པའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་སྐད་ཡིག་རྣམས་རྩ་མེད་གཏོང་གི་འདུག ཡུ་གུར་པའི་སྐྱེས་པ་ཚོས་རྒྱ་དང་ཁ་སྤུ་འཇོག་མི་ཆོག་པ་དང་ཆོས་ལུགས་ཀྱི་རྟགས་མཚན་འཛིན་མི་ཆོག་པ། ཡུ་གུར་པའི་བུད་མེད་ཚོས་གདོང་ཁེབས་བརྒྱབ་པ་དང་མགོ་ནས་རྐང་རྩེ་བར་དུ་ལུས་པོ་བཏུམས་པ་སོགས་བྱེད་མི་ཆོག ཁ་ཆེའི་ར་མ་དྷན་སྨྱུང་གནས་དུས་ཆེན་སྐབས་སུའང་སྨྱུང་གནས་བསྲུང་མི་ཆོག ཡུ་གུར་པའི་ཁྱིམ་ཚང་ཁག་ཏུ་ཁ་ཆེའི་གསུང་རབ་ཀོ་རན་དང་ཆོས་ལུགས་ཀྱི་དཔེ་དེབ་སོགས་ཉར་འཇོག་བྱེད་མི་ཆོག་པའི་དམ་དྲག་བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་རེད། ད་ལོའི་ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་པ་ཤོ་ར་ཐེ་ཟ་ཀིར་གྱིས་ཚོགས་འདུ་ཞིག་གི་ཐོག་ཏུ་ལས་དོན་སྙན་གསེང་ཞུས་པ་ལྟར་ན་༢༠༡༧་ལོར་ཞིན་ཅང་ལ་ཞི་བདེ་བརྟན་ལྷིང་བསྐྲུན་པའི་ལས་འགུལ་རྒྱུན་འཁྱོངས་བྱས་ཀྱང་ད་དུང་ཡང་སྤྱི་ཚོགས་ལ་ཞི་བདེ་བརྟན་ལྷིང་བསྐྲུན་པར་ཐབས་ཇུས་མང་ཙམ་ལག་ལེན་བསྟར་དགོས་ཀྱིན་འདུག ཞིན་ཅང་ལ་རྒྱུན་ལྡན་གྱི་དྲག་ཟིང་ལངས་པའི་དུས་འདིར་སྤྱི་ཚོགས་ལ་གཞི་རྩའི་ཆ་ནས་འགྱུར་བ་ཞིག་ཐེབས་ཡོད། ཁ་བྲལ་རིང་ལུགས་ལ་འཐབ་རྒོལ་དྲག་པོ་དང་ཁྱོད་ཤི་ང་གསོན་གྱི་ལས་འགུལ་འདི་རྒྱུན་འཁྱོངས་བྱ་དགོས། ཞིན་ཅང་གི་སྤྱི་ཚོགས་ལ་ཕུགས་རྒྱང་རིང་པོའི་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་ས་གནས་འདིའི་གཞུང་གི་མཐར་ཐུག་གི་དམིགས་ཡུལ་ཡིན། དེར་བརྟེན་མ་འོངས་པའི་ལོ་ལྔའི་དུས་སྐབས་དེ་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་པ་དང་། ང་ཚོས་ཕུགས་རྒྱང་རིང་པོའི་དམིགས་ཡུལ་འདི་བསྒྲུབ་པར་ཁ་བྲལ་རིང་ལུགས་པ་ཚོར་གཏོར་རྒོལ་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཀྱི་བདེ་འཇགས་རྒྱུན་འཁྱོངས་དང་ཟིང་འཁྲུག་སྔོན་འགོག་གི་སྲིད་ཇུས་ལག་ལེན་བསྟར་དགོས་ཞེས་གཏམ་བཤད་བྱས་པ་ཞིན་ཅང་ཉིན་རེའི་ཚགས་པར་གྱིས་ལུང་འདྲེན་བྱས་པ་འདུག རྒྱ་ནག་གཞུང་གིས་ཞིན་ཅང་ལ་ཕུགས་རྒྱང་རིང་པོར་ལག་ལེན་བསྟར་རྒྱུའི་སྲིད་ཇུས་ཀྱི་ཁོངས་སུ་སྨྱུང་གནས་བསྲུང་མི་ཆོག་པ་སོགས་ཆོས་ལུགས་ཀྱི་དུས་ཆེན་ཁག་ཅིག་བཀག་འགོག་བྱ་རྒྱུ་དང་། ས་གནས་དང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཡོངས་སུ་འཇིགས་སྐུལ་རིང་ལུགས་ཀྱི་སྤྱོད་པ་འགོག་རྒྱུ། བྱིས་པ་ཚོར་ཁ་ཆེའི་ཆོས་ལུགས་ཀྱི་མཚོན་དོན་ཡོད་པའི་མིང་འདོགས་མི་ཆོག་པ་དང་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་དགོས་པ། ཡུ་གུར་པའི་ཁྲག་དང་རྒྱུད་རྫས་ཀྱི་མཚོན་རྟགས་བླངས་པ་དང་ཡུ་གུར་པ་ཚོར་བསྐྱར་དུ་བསམ་བློའི་སློབ་གསོ་གཏོང་རྒྱུ། ཞིན་ཅང་དང་དབུས་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་ཁག་གི་ས་མཚམས་སུ་ལྕགས་རི་བསྐོར་ནས་འཇིགས་སྐུལ་རིང་ལུགས་པ་རྣམས་སིམ་འཛུལ་བྱེད་མི་ཐུབ་པའི་བཀག་འགོག་བྱ་རྒྱུ་དང་། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་ཞི་འཇམ་གྱི་སྲིད་ཇུས་ཤིག་འཛིན་དགོས་ཞེས་གླེང་སློང་བྱེད་མཁན་དགེ་རྒན་ཆེན་མོ་ཨིལ་ཧམ་ཏོ་དི་ལྟ་བུ་བཙོན་ཁང་དུ་བཅུག་ནས་ཁ་བཀག་སྟེ། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་གདུག་རྩུབ་ཆེ་བའི་སྲིད་ཇུས་འབའ་ཞིག་ལག་ལེན་བསྟར་གྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཤེས་ཡོན་ཅན་དང་གནད་ཡོད་མི་སྣ་ཁག་འཛིན་བཟུང་བྱ་རྒྱུའང་ཇེ་མང་དུ་སོང་བ་དང་། ཉེ་ཆར་ཕྱི་ཟླ་༡༡་པར་ཞིན་ཅང་གི་ཟས་རིགས་དང་སྨན་གྱི་སྤུས་ཚད་བརྟག་དཔྱད་ཁང་གི་གཙོ་འཛིན་ཧལ་མུ་ར་ཐེ་གྷོ་པུར་འཛིན་བཟུང་བྱས་པ་མ་ཟད། ཡུ་གུར་པའི་མཁས་པ་དང་མི་མང་གིས་མཐོང་འཇོག་ཡོད་པ། ཨ་རབ་སྐད་ནས་ཡུ་གུར་སྐད་དུ་ཁ་ཆེའི་གསུང་རབ་ཀོ་རན་སྒྱུར་མཁན་ལོ་ཙཱ་བ་མོཧ་མེཏ་ས་ལི་ཧ་ཇིམ་ཉི་མ་༤༠་ཞེ་གྲངས་ལ་བཀག་ཉར་བྱས་ཏེ། ཁོང་བཀག་ཉར་ཁང་དུ་རྒྱུ་རྐྱེན་འདི་ཡིན་སྟོན་རྒྱུ་མེད་པར་འདས་གྲོངས་སུ་གྱུར་པ་དང་། རྒྱ་ནག་གཞུང་གིས་ལོ་ན་༨༢་ལ་སོན་པའི་མོཧ་མེཏ་ས་ལི་ཧ་ཇིམ་བཀག་ཉར་ཁང་དུ་འདས་གྲོངས་སུ་གྱུར་པའི་རྒྱུ་རྐྱེན་ཅི་ཡིན་འགྲེལ་བཤད་བརྒྱབ་མེད། ཐ་ན་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ན་ཡོད་པའི་ཡུ་གུར་པའི་གསར་འགོད་པ་ཚོ་ལའང་གནོན་ཤུགས་སྤྲད་ནས་ཞིན་ཅང་གི་ནང་ཁུལ་དུ་ཅི་ཞིག་འབྱུང་གི་ཡོད་པ་རྣམས་ཕྱིར་བསྒྲགས་བྱེད་མི་ཆོག་ཅེས་སྡིགས་ར་སྐུལ་གྱི་ཡོད་པ་དང་། ཡུ་གུར་པ་ཚོར་ཕྱི་རྒྱལ་དུ་གཉེན་ཚན་ཡོད་ཀྱང་སྐད་འཕྲིན་སོགས་ཀྱི་འབྲེལ་བ་གཅོད་དགོས་པའི་བཙན་བཀའ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG