ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་དཀར་ནག་ལ་འཁྲུག་རྩོད་འབྱུང་ཉེན་ཆེ་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་གྱི་འཐབ་ཇུས་དང་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ལྟེ་གནས་ཁང་གི་ཨེ་ཤི་ཡའི་བདེ་འཇགས་ཉམས་ཞིབ་མཁས་པ་ཚོས་༢༠༡༨་ལོར་ཨེ་ཤི་ཡའི་ས་ཁུལ་མང་པོ་ཞིག་ལ་བདེ་འཇགས་མེད་པའི་ཉེན་ཁའི་གནས་ཚུལ་ཡོང་སྲིད་པ་དང་མངོན་གསལ་དོད་ཤོས་ནི་ཀོ་རི་ཡའི་ཕྱེད་གླིང་ཡིན་རུང་། ཀོ་རི་ཡའི་ཕྱེད་གླིང་དང་ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོ་ལས་ཀྱང་ཉེན་ཁ་ཆེ་ཤོས་ནི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་དམག་འཁྲུག་འབྱུང་སྲིད་པ་དེ་ཡིན་ཞེས་བསྟན་འདུག ཕྱི་ཟླ་དང་པོའི་ཚེས་༢༤་སྟེ། གཟའ་ལྷག་པའི་ཉིན་མོར་ཨ་མི་རི་ཀའི་འཐབ་ཇུས་དང་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ལྟེ་གནས་ཁང་གིས་ཨེ་ཤི་ཡའི་བདེ་འཇགས་ཞིབ་འཇུག་ཚོགས་འདུར་ཕེབས་པའི་མཁས་པ་ཚོས་༢༠༡༨་ལོར་ཨེ་ཤི་ཡའི་ས་ཁུལ་གང་ལ་བདེ་འཇགས་མེད་པའི་ཉེན་ཁ་ཆེ་ཤོས་འབྱུང་རྒྱུ་ཡིན་མིན་གྲོས་མོལ་བྱེད་པའི་སྐབས་སུ་ཨ་རིའི་གཞུང་གི་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཨེ་ཤི་ཡའི་བདེ་འཇགས་ཉམས་ཞིབ་པ་མཐོ་ཤོས་དང་སྐད་གྲགས་ཆེ་ཤོས་ཛག་ཁོ་བྷར་གྱིས་གོང་ཞུས་བསམ་ཚུལ་བསྡུ་རུབ་ཀྱི་མཇུག་བསྡོམས་དེར་དམག་འཁྲུག་གི་ཛ་དྲག་འབྱུང་ས་སུམ་ཆའི་གཅིག་ཙམ་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་ཡིན་པའི་ངོས་འཛིན་གནང་བ་དེ་ལ་ཡ་མཚན་བྱུང་ཞེས་གསུངས་པ་དང་། ཁོང་གི་གཟིགས་ཚུལ་ལྟར་ན་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་གནས་ཚུལ་ཁག་ནི་རྩ་བའི་ཆ་ནས་རྒྱ་ནག་གི་འདོད་མོས་ལྟར་འགྲོ་བཞིན་ཡོད་པས་རྒྱ་ནག་ལ་དེའི་ཁུལ་དུ་རྩོད་གཞི་སློང་རྒྱུའི་རྒྱུ་མཚན་མེད་ཅིང་། དེ་ལས་རྒྱ་ནག་དང་རྒྱ་གར་གཉིས་ལ་ས་མཚམས་ཀྱི་རྩོད་གཞི་བྱུང་ནས་དམག་འཁྲུག་ཡོང་སྲིད་པའི་ཉེན་ཁ་ཆེ་ཤོས་འདུག་ཅེས་གཟིགས་ཚུལ་གསུངས་ཏེ། ཁོང་གིས་རྒྱ་དཀར་ནག་གི་འབྲེལ་ལམ་ལ་བལྟས་ན་འདས་པའི་ལོ་གཅིག་གི་ནང་དུ་མི་མཐུན་པ་མང་པོ་བྱུང་ཡོད། རྒྱ་གར་དང་རྒྱ་ནག་གཉིས་ཀ་མགྱོགས་མྱུར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་སྟབས་ལོ་ལྟར་སོ་སོའི་ཐོག་ལ་ལྟ་ཚུལ་འགྱུར་ལྡོག་འགྲོ་ཡི་ཡོད། ལོ་སྔོན་མ་ལས་ཀྱང་ད་ལོ་སྟོབས་ཤུགས་ཆེ་རུ་ཕྱིན་ཡོད་བསམ་གྱི་ཡོད་པས་ཁེ་ཕན་ཡང་ཆེ་རུ་འགྲོ་བཞིན་ཡོད། རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་རུ་འགྲོ་བའི་སྐབས་སུ་ས་མཚམས་ཀྱི་རྩོད་གཞི་ལ་རང་གི་དགོས་དོན་བཏོན་པ་དེ་ནས་ཕྱིར་བཤོལ་བྱ་རྒྱུ་དཀའ་ངལ་ཆེ་རུ་འགྲོ་ཡི་ཡོད་པས་རྒྱ་དཀར་ནག་གཉིས་ནི་འགལ་ཟླ་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཡིན། ཤར་རྒྱ་ནག་རྒྱ་མཚོ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྒྱ་ནག་སྟོབས་ཤུགས་ཆེ་ཤོས་ཤིག་ཡིན་པའི་སྟབས་ཀྱིས་རྒྱལ་ཁབ་ཆུང་ལ་རྒྱ་ནག་ནས་ཁ་གཏད་གཅོག་ཐུབ་ཀྱི་ཡོད། འོན་ཀྱང་རྒྱ་ནག་དང་རྒྱ་གར་གཉིས་ས་མཚམས་རྩོད་གཞིའི་ཐོག་ཏུ་རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་བཞིན་པ་གཉིས་ཐུག་རྒྱུ་ཡིན་པས་དམག་འཁྲུག་ཡོང་སྲིད་པའི་ཉེན་ཁ་ཆེ་ཤོས་ཡོད་ཅེས་གསུངས་ཡོད་པ་དེ་ལ་ཨ་རིའི་ཞིབ་འཇུག་ཁང་དེའི་ཨེ་ཤི་ཡའི་གནད་དོན་སྐོར་ཨ་རིའི་གཞུང་ལ་སློབ་སྟོན་པ་ལྕམ་བྷོ་ནི་གྷེ་ལེ་སེ་དང་། དེ་བཞིན་སྲིད་འཛིན་བྷུ་ཤིའི་སྐབས་ཀྱི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་མྷེ་ཤ་གྷ་རིན་སོགས་ཀྱིས་མོས་མཐུན་བྱས་ཏེ། སྐུ་ཞབས་མྷེ་ཤ་གྷ་རིན་གྱིས་རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་སུ་དམག་འཁྲུག་ཡོང་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་པའི་རྒྱུ་མཚན་ནི་གཉིས་ཀར་སྟོབས་ཆེན་ཡིན་པའི་སྤོབས་པ་དང་ས་བབ་ཀྱི་ཆབ་སྲིད་གནད་དོན་ལའང་འབྲེལ་བ་ཆགས་ཡོད་པ་སྟེ་ བོད་ལ་བདེ་འཇགས་མེད་པའི་གནད་དོན་དང་། རྒྱ་ནག་དང་པ་ཀི་སི་ཐན་གྱི་འབྲེལ་བ་དམ་ཟབ་ཡོད་པ་བཅས་ཀྱི་རྐྱེན་ཡང་ཆགས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།།

XS
SM
MD
LG