རྒྱ་ནག་གཞུང་གིས་ན་ནིང་ནས་བཟུང་སྟེ་དྲ་རྒྱ་དོ་དམ་གྱི་ཁྲིམས་གཞི་གསར་པ་ཞིག་ལག་ལེན་བསྟར་ཏེ་དྲ་རྒྱའི་བཀག་རྒྱ་བརྒལ་ནས་ཕྱིའི་རང་དབང་གི་དྲ་ལམ་དུ་འཛུལ་ཞུགས་བྱེད་པའི་མཉེན་ཆས་ཝྭི་ཕི་ཨེན་སོགས་བཀག་སྡོམ་ནན་མོ་བྱས་ནས་རྒྱ་ནག་མི་དམངས་ཁོ་ན་མིན་པར་རྒྱ་ནག་ཏུ་ཡོད་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ཀྱང་དྲ་ལམ་དུ་ཞུགས་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་མ་འོངས་བར་ཝྭི་ཕི་ཨེན་གྱི་དྲ་ལམ་ཡོངས་སུ་སྒོ་རྒྱག་རྒྱུ་ཡིན་ཞེས་སྤྱི་ལོ་༢༠༡༧་ལོར་ཉེན་བརྡ་ཐེངས་ཁ་ཤས་བཏང་ཟིན། དེར་བརྟེན་ཁ་སང་རྒྱ་ནག་གི་རྒྱལ་གཉེར་བརྡ་འཕྲིན་བཟོ་ཚོང་ཁང་ཆེ་ཤོས་ཏེ། གློག་འཕྲིན་བཟོ་ཚོང་ཁང་གིས་ཀྱང་གསལ་བསྒྲགས་སྤེལ་ནས་སྤྱི་ཚེས་༡༡་ནས་བཟུང་སྟེ་ཝྭི་ཕི་ཨེན་སོགས་ཕྱིའི་རང་དབང་གི་དྲ་ལམ་ལ་ཞུགས་སའི་དྲ་སྒོ་ཡོངས་སུ་བརྒྱབ་པ་ཡིན་ཞེས་བརྗོད་འདུག ད་ལྟ་རྒྱ་ནག་ཏུ་དྲ་རྒྱར་ཞུགས་མཁན་རྣམས་ཀྱིས་རང་དབང་གི་དྲ་ལམ་དུ་ཞུགས་རྒྱུར་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པར་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ཇཱ་ཝྭ་ཞེས་པའི་མཉེན་ཆས་བཟོ་སྐྲུན་པ་ཟུར་པ་ཞིག་གིས་ཀྱང་ད་སྔ་རྒྱ་གཞུང་གིས་སྒོ་རྒྱག་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་པའི་དྲ་སྒོ་རྣམས་དྲ་ལམ་ལ་རྩ་བའི་ཆ་ནས་འབྲེལ་ཡོད་པས་དྲ་སྒོ་འདི་དག་བརྒྱབ་ན་ཕྱོགས་ཡོངས་ཀྱི་དྲ་རྒྱའི་སྒོ་བརྒྱབ་པ་དང་གཅིག་མཚུངས་ཡིན་པས་བྱེད་སྟངས་འདི་དགོད་བྲོ་བ་ཞིག་རེད་ཅེས་བཤད་འདུག རྒྱ་ནག་ཕྱི་ལོགས་སུ་ཡོད་པའི་རྒྱ་ཡིག་གི་བརྡ་འཕྲིན་ཁང་ཆེ་ཤོས་ཏུང་ཐེ་ཝང་ཞེས་པའི་འགན་འཛིན་གྱིས་རྒྱ་ནག་གིས་དྲ་སྒོ་འགོག་པའི་སྲིད་ཇུས་འདི་ས་གནས་བྱེ་བྲག་པ་ཞིག་ལ་དུས་ཡུན་ཐུང་ཐུང་ཞིག་གི་རིང་དུ་ལག་བསྟར་བྱེད་ཐུབ་ཀྱང་རྒྱ་ནག་རྒྱལ་ཡོངས་ལ་སྲིད་ཇུས་འདི་ལག་བསྟར་ཐུབ་རྒྱུ་ཡོང་ཐབས་མེད་ཅེས་བཤད་པ་དང་། ད་ལྟའི་སྤྱི་ཚོགས་འབྲེལ་ལམ་དང་དཔལ་འབྱོར་འབྲེལ་ལམ་གང་ལ་བལྟས་ཀྱང་དྲ་ལམ་བརྒྱུད་ནས་འབྲེལ་མཐུད་བྱེད་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་རྒྱལ་གྱི་ཁེ་ལས་ཁག་ལ་མཚོན་ན་དྲ་སྒོ་བརྒྱབ་དུས་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་ཅེས་བརྗོད་འདུག གཞན་ཡང་གནས་ཚུལ་འདིར་དབྱེ་ཞིབ་བྱེད་མཁན་ཚོས་ཀྱང་རྒྱ་ནག་གཞུང་གིས་ཝྭི་ཕི་ཨེན་དྲ་སྒོ་རྒྱག་རྒྱུའི་ཐབས་ལམ་གང་མང་ཞིག་བཙལ་ཐབས་བྱས་ཀྱང་ཝྭི་ཕི་ཨེན་གྱི་དྲ་སྒོ་ཡོངས་སུ་རྒྱག་ཐུབ་མེད། དེའི་རྒྱུ་མཚན་ནི་ཝྭི་ཕི་ཨེན་ཅེས་པའི་མཉེན་ཆས་འདིའི་རིགས་གང་མང་ཞིག་ཁེ་ལས་གཉེར་མཁན་ཚོས་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་གནས་ཚུལ་གཞན་རྣམས་རྒྱུས་ལོན་བྱེད་ཐབས་སུ་ཝྭི་ཕི་ཨེན་རིགས་གཞན་པའང་བེད་སྤྱོད་བྱེད་བཞིན་ཡོད་པས་དབྱེ་བ་འབྱེད་རྒྱུ་ཁག་པོར་གྱུར་ཡོད། གལ་སྲིད་རྒྱ་ནག་གིས་ཅུང་ཙམ་དམ་དྲག་ཆེ་རུ་བཏང་ན་ཚོང་ལས་ལའང་རང་བཞིན་གྱིས་དོ་ཕོག་ཐེབས་ཀྱི་ཡོད། གལ་སྲིད་ཞིན་ཅང་ལྟ་བུའི་འཕེལ་རྒྱས་བྱུང་མེད་པའི་ས་ཁུལ་ཞིག་ཏུ་ཆབ་སྲིད་ཀྱི་རྙོག་དྲ་བྱུང་བ་ཡིན་ན་ཁ་པར་སོགས་ཀྱི་དྲ་སྒོ་ཡོངས་སུ་རྒྱག་སྲིད་པ་དེ་འདྲ་ཞིག་ས་ཁུལ་རྒྱ་ཆེ་ས་ཁག་ལ་དུས་ཡུན་རིང་པོར་ལག་ལེན་བསྟར་ཐུབ་རྒྱུ་ཁག་པོ་ཡིན་ཞེས་བརྗོད་མོད། རྒྱ་ནག་གཞུང་གིས་ཆགས་སྲེད་ཀྱི་དྲ་རྒྱ་སོགས་སྒོ་རྒྱག་རྒྱུ་ཡིན་ཞེས་དེ་ལ་བསྙད་བཏགས་ནས་སྔ་ལོ་གཅིག་པུར་དྲ་ཚིགས་ཁྲི་༡༣་སྒོ་བརྒྱབ་པ་དང་། སྤྱི་ལོ་ཉི་༢༠༡༧་ལོའི་ཕྱི་ཟླ་༧་པའི་ཚེས་༡༠་ཉིན་གསལ་བསྒྲགས་སྤེལ་ནས་༢༠༡༨་ལོའི་ཕྱི་ཟླ་༢་པའི་ཚེས་༡་བར་དུ་མི་སྒེར་གྱིས་བེད་སྤྱོད་གཏོང་དགོས་པའི་ཝྭི་ཕི་ཨེན་ཡོངས་སུ་རྫོགས་པ་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད། ལོ་འདིའི་ཕྱི་ཟླ་༧་ཚེས་༡༧་ཉིན་སླར་ཡང་ཛ་དྲག་གི་གསལ་བསྒྲགས་ཞིག་སྤེལ་ནས་རྒྱལ་མཚམས་མེད་པའིི་འཚོལ་བཤེར་དྲ་ཚིགས་ཅེས་པ་དང་སེལ་ཧྥུན། སི་བས། དབྱིན་ཅོན་སོགས་ཀྱང་མིང་འདོན་བྱས་ནས་རྩ་མེད་བཟོ་དགོས་པའི་བཀའ་བཏང་རུང་སྤྱི་ལོ་༢༠༠༢་ནས་རྒྱ་ནག་གི་དྲ་རྒྱ་བཀག་སྡོམ་ལ་དམིགས་ནས་བཟོས་པའི་དྲ་རྒྱའི་བཀག་རྒྱ་གཏོར་བྱེད་ཀྱི་མཉེན་ཆས་རྒྱལ་མཚམས་མེད་པའི་དྲ་བ་དང་རང་དབང་སྒོ་སོགས་ནི་ད་དུང་ཡང་མུ་མཐུད་རྒྱ་ནག་སྐམ་ས་ཆེན་མོར་བེད་སྤྱོད་གཏོང་མཁན་མང་པོ་འདུག་ཅེས་བརྗོད་ཡོད་པ་རེད།།