ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧྥ་རན་སིའི་སྲིད་འཛིན་རྒྱ་ནག་ལ་ཕེབས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཧྥ་རན་སིའི་སྲིད་འཛིན་མེཀ་ཧོང་གི་རྒྱ་ནག་གི་རྒྱལ་དོན་འཚམས་འདྲི་ཐང་རྒྱལ་རབས་ཀྱི་རྒྱལ་ས་རྙིང་པ་ཞི་ཨན་གྲོང་ཁྱེར་དུ་འགོ་ཚུགས་ཡོད་པ་དང་། ཁོང་གིས་ཨ་མི་རི་ཀ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་སྔོན་འགོག་གི་ཆིངས་ཡིག་ཁོངས་ནས་ཕྱིར་འཐེན་བྱས་ཀྱང་རྒྱ་ནག་དང་ཡུ་རོབ་གཉིས་མཉམ་འབྲེལ་བྱས་ནས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་སྔོན་འགོག་བྱ་དགོས། རྒྱ་ནག་ནས་གནའ་བོའི་དར་གོས་ཚོང་ལམ་ཡུ་རོབ་གླིང་ལ་རྒྱ་སྐྱེད་གཏོང་འཆར་ཡོད་པར་ཡུ་རོབ་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་དང་རྒྱབ་སྐྱོར་བྱ་དགོས་པ་དང་། མ་འོངས་པར་ཧྥ་རན་སི་དང་ཡུ་རོབ། རྒྱ་ནག་བཅས་ཀྱི་མདུན་ལམ་གཅིག་ཏུ་སྦྲེལ་རྒྱུ་ཡིན་ཞིང་། ངའི་ལས་དུས་ཀྱི་རིང་འདིར་ཉུང་མཐའ་ཡང་ལོ་རེར་ངས་རྒྱ་ནག་ལ་སྐོར་བ་རེ་རྒྱག་འཆར་ཡོད་ཅེས་ནན་བརྗོད་བྱས་འདུག ཡིན་ནའང་ཡུ་རོབ་རྒྱལ་ཁབ་མང་ཆེ་བས་རྒྱ་ནག་གི་དར་གོས་ཚོང་ལམ་ཡུ་རོབ་རྒྱལ་ཁབ་ཁག་ལ་མཐུད་འཆར་ཡོད་པའི་ཁེ་ཕན་མང་ཆེ་བ་རྒྱ་ནག་ལ་ཡོད་པ་དང་རྒྱ་ནག་གི་དངོས་ཟོག་རྣམས་ཡུ་རོབ་རྒྱལ་ཁབ་ཁག་ལ་སྐྱེལ་འདྲེན་དང་ཡུ་རོབ་ཀྱི་རང་བྱུང་ཐོན་སྐྱེད་རྣམས་རྒྱ་ནག་ལ་སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་ལས། ཡུ་རོབ་རྒྱལ་ཁབ་ཁག་གི་དངོས་ཟོག་དང་ཞིང་འབྲོག་གི་ཐོན་སྐྱེད་རྣམས་རྒྱ་ནག་ལ་སྐྱེལ་འདྲེན་བྱ་མི་སྲིད། ཡུ་རོབ་རྒྱལ་ཁབ་ཁག་ལ་ཕྱིར་ཚོང་གི་གོ་སྐབས་དེ་ཙམ་མེད་པའི་ལྟ་ཚུལ་བཟུང་སྟེ། ཧྥ་རན་སིའི་སྲིད་འཛིན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཆེན་པོ་ཞིག་མེད་པ་རེད། གཟའ་འཁོར་འདིར་ཧྥ་རན་སིའི་སྲིད་འཛིན་གྱི་འཚམས་འདྲི་རྒྱ་ནག་གི་ཞི་ཨན་གྲོང་ཁྱེར་ནས་འགོ་བཙུགས་པར་མཚོན་དོན་ཟབ་མོ་ཞིག་ཡོད་པ་སྟེ། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་ནག་ནས་ཡུ་རོབ་བར་དུ་རྒྱ་ལམ་དང་མེ་འཁོར་ལྕགས་ལམ་གྱི་འགྲིམ་འགྲུལ་དང་སྐྱེལ་འདྲེན་མཐུད་རྒྱུ། རྒྱ་ནག་གི་ཐང་རྒྱལ་རབས་ཀྱི་སྐབས་ནས་སྲོལ་རྒྱུན་ཚུགས་པའི་དར་གོས་ཚོང་ལམ་བསྐྱར་གསོ་བྱ་རྒྱུའི་ལས་གཞི་རྒྱ་ཆེན་པོ་ཞིག་གཉེར་གྱི་ཡོད་པ་མ་ཟད། ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་འགྲོ་གྲོན་བཏང་ནས་རྒྱ་ལམ་དང་ལྕགས་ལམ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་འདིར་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཀྱི་ལས་འཆར་ཟེར་གྱི་ཡོད་ཅིང་། རྒྱུད་གཅིག་ལམ་གཅིག་གི་འཆར་གཞི་འདི་རྒྱ་ནག་ནས་དབུས་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་ཁག་དང་དེ་ནས་ཨུ་རུ་སུ་བརྒྱུད་ནས་ཡུ་རོབ་བར་དུ་རྒྱ་ལམ་དང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ། ཡང་རྒྱ་གར་རྒྱ་མཚོ་བརྒྱུད་ནས་མཚོ་དམར་པོ་བར་དུ་མཚོ་ལམ་གསར་པ་དང་ཟམ་ཆེན་གསར་པ། དེང་རབས་ཅན་གྱི་གྲུ་ཁ་རྣམས་འཛུགས་སྐྲུན་བྱ་འཆར་ཡོད་པ་དང་། ཧྥ་རན་སི་དང་ཡུ་རོབ་རྒྱལ་ཁབ་མང་ཆེ་བས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གམ། ཡང་ན་དར་གོས་ཚོང་ལམ་གྱི་ལས་འཆར་དེ་ཉིད་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་རྒྱ་སྐྱེད་གཏོང་རྒྱུའི་དམིགས་ཡུལ་ཞིག་ཡིན་པ་དང་། རྒྱ་ནག་གི་རིན་གོང་དམའ་བའི་དངོས་ཟོག་རྣམས་ཡུ་རོབ་རྒྱལ་ཁབ་ཁག་གི་ཁྲོམ་རར་བཙོངས་ཏེ་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་ཁུལ་གྱི་དངོས་ཟོག་རྣམས་བཙོང་ས་མེད་པར་འགྱུར་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་རུང་། ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་གི་གསར་འགོད་པ་ཚོར་གནའ་བོའི་དུས་སུ་དར་གོས་ཚོང་ལམ་བརྒྱུད་ནས་སྤྱི་ཚོགས་དཔལ་ཡོན་དང་རིག་གནས། ཚོང་ཟོག་རྣམས་ཕྱོགས་གཉིས་ལ་སྐྱེལ་འདྲེན་དང་དར་འཕེལ་བྱུང་ཡོད། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་ཡང་གནའ་བོའི་དར་གོས་ཚོང་ལམ་ལྟ་བུ་ཞིག་ཡིན་དགོས། དེར་བརྟེན་ང་ཚོས་མ་མཐའ་ཡང་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་འདིར་དགེ་མཚན་ཡོད་མེད་དངོས་སུ་མཐོང་ཐུབ་པའི་གོ་སྐབས་ཤིག་སྤྲོད་དགོས་ཞེས་བཤད་མོད། འོན་ཀྱང་དེང་སྐབས་ཧྥ་རན་སི་དང་རྒྱ་ནག་གི་ཚོང་ལས་ཆ་མཉམ་མེད་པ་ཨ་སྒོར་དུང་ཕྱུར་༣༦༠་ལྷག་བརྒལ་ཏེ། ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་དང་ཡུ་རོབ་རྒྱལ་ཁབ་ཁག་གི་ཚོང་ལས་ཆ་མཉམ་དགོས་པ་དང་། རྒྱ་ནག་གཅིག་པུས་ཁེ་སང་བླངས་ན་འགྲིག་ཐབས་མེད་ཅེས་ཉེན་བརྡ་བཏང་འདུག

XS
SM
MD
LG