ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་དང་དམག་སྦྱོང་མཚམས་འཇོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ལྷོ་བྱང་ཀོ་རི་ཡ་གཉིས་ལ་འབྲེལ་བ་ཆད་ནས་ལོ་གཉིས་ལྷག་སོང་བའི་རྗེས་སུ་སླར་ཡང་ཛ་དྲག་སྐབས་སུ་འབྲེལ་བ་བྱ་སའི་ཁ་པར་འབྲེལ་ལམ་བསྐྱར་མཐུད་བྱུང་བ་དང་། ཟླ་བ་རྗེས་མར་ལྷོ་ཀོ་རི་ཡར་འཚོགས་འཆར་ཡོད་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་བྱང་ཀོ་རི་ཡའི་རྩེད་འགྲན་རུ་ཁག་ཅིག་ཀྱང་་མཉམ་ཞུགས་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཏེ། ད་ལོའི་ཕྱི་ཟླ་༢་ནང་ལྷོ་ཀོ་རི་ཡར་རྒྱལ་སྤྱིའི་དགུན་ཁའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འཚོགས་ཀྱི་ཡོད་པའི་རིང་དང་དེའི་རྗེས་སུ་དབང་པོ་སྐྱོན་ཅན་གྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འཚོགས་འཆར་ཡོད་པ་གཉིས་ཀའི་རིང་དེར་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོར་བྱ་རྒྱུ་མཚམས་འཇོག་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག འདི་ནི་འདས་པའི་ལོ་གཅིག་ལྷག་ལ་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོར་དམག་འཁྲུག་གི་ཛ་དྲག་ཆེན་པོ་བྱུང་ནས་མཉམ་འབྲེལ་རྒྱལ་ཚོགས་དང་སྐྱེ་བོ་སྒེར་པ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱིས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ཞི་བདེ་བརྟན་ལྷིང་བསྐྲུན་དགོས་པ་དང་ཨ་མི་རི་ཀས་བྱང་ཀོ་རི་ཡར་ཞི་བའི་གྲོས་མོལ་བྱ་དགོས་ཞེས་འབོད་སྐུལ་ཞུས་པའི་གྲུབ་འབྲས་ཤིག་ཡིན་མོད། འོན་ཀྱང་ད་དུང་ཡང་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་རྒྱག་རྒྱུ་ཡིན། ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལ་ངོ་མཚང་འདྲི་རེས་བྱེད་ཀྱི་ཡོད་པ་དེ་ལ་བལྟས་ཚེ། ཀོ་རི་ཡའི་གླིང་ཟུར་དེར་ཞི་བདེ་བརྟན་ལྷིང་བསྐྲུན་པར་ཕྱོགས་ཁག་ཚང་མས་ལྷག་བསམ་རྣམ་དག་དང་སྔར་ལས་ལྷག་པའི་འབད་བརྩོན་བྱ་དགོས་ས་མང་དག་ཅིག་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སོགས་ཀྱིས་ལྷོ་བྱང་ཀོ་རི་ཡའི་བཟང་ཕྱོགས་ཀྱི་འབྲེལ་བ་འདི་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡོད་པ་རེད། ད་ལོ་རྒྱལ་ཁབ་མང་དག་ཅིག་གིས་ལྷོ་ཀོ་རི་ཡའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་སྐབས་སུ་རང་གི་རྩེད་འགྲན་པ་རྣམས་གཏོང་དགོས་མིན་ལ་ཐེ་ཚོམ་བྱེད་ཀྱི་ཡོད་རུང་ཕྱི་ལོ་གསར་པའི་གཏམ་བཤད་ནང་དུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ང་ཚོ་ལྷོ་ཀོ་རི་ཡར་འཚོགས་ཀྱི་ཡོད་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་ལ་མཉམ་ཞུགས་བྱ་འདོད་ཡོད་ཅེས་བཤད་པ་དང་། དེ་ནས་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་ཛ་དྲག་གི་འབྲེལ་བ་བྱ་ས་ཁ་པར་བཙུགས་ཡོད་པའང་བསྐྱར་དུ་སྒོ་ཕྱེ་སྟེ། ཕྱི་ཟླ་དང་པོའི་༥་ཉིན་བྱང་ཀོ་རི་ཡའི་གཞུང་གིས་བདུན་ཕྲག་རྗེས་མར་ལྷོ་བྱང་ཀོ་རི་ཡའི་ལས་སྣེ་ཚོ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་དེ་ལ་མོས་མཐུན་བྱས་ཤིང་། ༢༠༡༥་ལོའི་ཕྱི་ཟླ་༡༢་པ་ནས་ལྷོ་བྱང་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོས་ཐུག་འཕྲད་གྲོས་མོལ་གཏན་ནས་བྱ་ཐུབ་མེད། བདུན་ཕྲག་རྗེས་མའི་གཟའ་མིག་དམར་ཉིན་ལྷོ་བྱང་ཀོ་རི་ཡའི་ལས་སྣེ་ཚོ་ཕྱོགས་གཉིས་ཀྱི་ས་མཚམས་ཕན་མུན་ཇོམ་དུ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་དང་། སྐབས་དེར་ལྷོ་བྱང་ཀོ་རི་ཡའི་འབྲེལ་ཡོད་ལས་སྣེ་ཚོས་ཟླ་བ་རྗེས་མའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་དང་དེ་མིན་གྱི་གནད་དོན་ཁག་ཅིག་གྲོས་མོལ་བྱ་འཆར་ཡོད་པ་རེད། ཡིན་ནའང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཡར་རྒྱས་གཏོང་རྒྱུ་མཚམས་འཇོག་གི་མིན། རྒྱལ་ཁབ་གང་ཞིག་གིས་བྱང་ཀོ་རི་ཡར་ཚུར་རྒོལ་བྱས་ན་རྡུལ་ཕྲན་མཚོན་ཆས་རྒོལ་ལན་སློག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་ཡོད། དེར་བརྟེན་ཀོ་རི་ཡའི་གླིང་ཟུར་དང་ཨེ་ཤི་ཡའི་ཤར་ཕྱོགས་ལ་དམག་འཁྲུག་གི་ཛ་དྲག་ཡོད་པ་ཞི་འཇམ་གཏོང་ཐུབ་མེད་པ་མ་ཟད། ཉམས་ཞིབ་པ་ཁག་ཅིག་གིས་བྱང་ཀོ་རི་ཡས་སླར་ཡང་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་རྟགས་མཚན་འདུག་ཟེར་པ་དང་། ལྷོ་ཀོ་རི་ཡར་འཚོགས་ཀྱི་ཡོད་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་སྐབས་སུ་བྱང་ཀོ་རི་ཡས་གཏོར་རྒོལ་བྱ་སྲིད་ཅེས་དོགས་སློང་བྱས་ཡོད། བྱང་ཀོ་རི་ཡས་རྟག་ཏུ་ཨ་མི་རི་ཀ་དང་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ལྷོ་ཀོ་རི་ཡ་དང་ཉི་ཧོང་། ཨེ་ཤི་ཡའི་ཤར་ཕྱོགས་སུ་ཡོད་པའི་ཨ་མི་རི་ཀའི་དམག་སྒར་ཁག་ལ་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་རྒྱུ་མཚམས་འཇོག་གི་མེད། ཕྱི་ལོ་གསར་ཚེས་སྐབས་སུ་བྱང་ཀོ་རི་ཡ་ཟླ་བ་རྗེས་མའི་ཨོ་ལོམ་ལི་ཕིཀ་རྩེད་རིགས་འགྲན་བསྡུར་ལ་མཉམ་ཞུགས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ནས་བཟུང་། ལྷོ་ཀོ་རི་ཡར་དགུན་ཁའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་འཚོགས་ཀྱི་ཡོད་པ་དེའི་སྐབས་སུ་བྱང་ཀོ་རི་ཡའི་གཏོར་རྒོལ་བྱ་སྲིད་པའི་དངངས་འཚབ་མེད་པར་གྱུར་ཡོད་པ་རེད། ཁ་སང་གཟའ་ཕུར་བུའི་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གཉིས་ཀྱིས་ཁ་པར་ཐོག་ཏུ་བཀའ་མོལ་གནང་སྟེ། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཟླ་ཤས་རིང་དུ་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་ངང་འཐེན་བྱ་དགོས་པ་དང་། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ཞི་བའི་གྲོས་མོལ་བྱ་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་གྲོས་མོལ་དེར་འཕེལ་རྒྱས་དང་འགྱུར་བ་གང་འདྲ་ཞིག་ཐེབས་ཀྱང་ཨ་མི་རི་ཀར་ནང་མོལ་ལྷུག་པོ་བྱ་ངེས་ཡིན་ཞེས་རེ་བ་བཏོན་ཏེ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱི་སྲིད་ཇུས་དེར་རྒྱབ་སྐྱོར་ཆ་ཚང་ཡོད། སྲིད་འཛིན་གྱི་མུན་ཅེ་དབྱིན་གྱི་སྲིད་ཇུས་དེར་གྲུབ་འབྲས་ཤིག་སྨིན་ཐུབ་པའི་གདེང་ཚོད་ཡོད་ཅེས་ལན་འདེབས་བྱས་པ་དང་། གཟའ་པ་སངས་ཉིན་ཉི་ཧོང་གཞུང་གིས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་གྲོས་མོལ་ཇི་ལྟར་བྱས་ཀྱང་ཉི་ཧོང་གིས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡར་མཉམ་འབྲེལ་བྱེད་ཀྱི་ཡོད་པའི་སྲིད་ཇུས་ལ་འགྱུར་བ་མེད། ང་ཚོས་བྱང་ཀོ་རི་ཡར་གནོན་ཤུགས་བླ་ན་མེད་པ་ཞིག་སྤྲོད་དགོས་པའི་སྲིད་ཇུས་ཤིག་བཟུང་ཡོད་པ་དེ་ལའང་འགྱུར་བ་གཏོང་འཆར་མེད། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལྷོ་བྱང་ཀོ་རི་ཡ་གཉིས་དང་ཨ་མི་རི་ཀ ཉི་ཧོང་དང་རྒྱ་ནག ཨུ་རུ་སུ་བཅས་འབྲེལ་ཡོད་རྒྱལ་ཁབ་དྲུག་གིས་ཐག་གཅོད་བྱ་དགོས། ལྷོ་བྱང་ཀོ་རི་ཡའི་གྲོས་མོལ་འདིར་ཉི་ཧོང་གིས་ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་རྟོག་ཞིབ་གཟབ་ནན་བྱེད་བཞིན་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་འདུག

XS
SM
MD
LG