ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བྷེ་ཁལ་མཚོ་ཁའི་རྒྱ་མིར་ཚོད་འཛིན་བྱ་དགོས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བྷེ་ཁལ་ཞེས་པའི་མཚོ་མཐའ་འདིའི་ཡུལ་ལྗོངས་ནི་ཧ་ཅང་གི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་པའི་སྟབས་ཀྱིས་འཛམ་གླིང་གི་ས་ཆ་གང་སའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བུང་བའི་ཚོགས་བཞིན་གནས་འདིར་རྒྱུན་ཆད་མེད་པར་ཡོང་གི་ཡོད་པ་དང་། ལྷག་པར་དུ་ལོ་རེ་བཞིན་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་གནས་འདིར་ཡོང་གི་ཡོད་པར་བརྟེན། རྒྱ་ནག་གི་ཚོང་པ་སོགས་ཀྱིས་མཚོ་ངོགས་སུ་སྡོད་ཁང་མང་པོ་འཛུགས་སྐྲུན་བྱས་ཡོད་པ་མ་ཟད། མགྲོན་ཁང་དང་ཚོང་ཁང་གཉེར་ནས་བྷེ་ཁལ་མཚོ་ལ་ལྟ་སྐོར་དུ་ཡོང་བཞིན་པའི་རྒྱ་ནག་པ་ཚོར་སྣེ་ལེན་བྱེད་ཀྱི་ཡོད་ཅིང་། ད་སྔ་རྒྱ་ནག་པ་རྣམས་ཀྱིས་མཚོ་འདིའི་རྒྱུད་ཀྱི་གྲོང་ཚོ་ཞིག་གི་ས་ཁྱོན་བརྒྱ་ཆ་བཅུ་ལྷག་བཟུང་ཟིན། དེར་བརྟེན་སྤྱི་ལོ་༢༠༡༧་ལོའི་ཟླ་བ་༡༢་པ་ནས་བཟུང་སྟེ་ཨུ་རུ་སུའི་ཤར་རྒྱུད་དང་སེ་བྷི་རེ་ཡའི་ཡུལ་མི་ཚོས་རྒྱ་ནག་གིས་བྷེ་ཁལ་མཚོ་ངོགས་བཙན་བཟུང་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། མཚོ་རྒྱུད་ཀྱི་རང་བྱུང་སྐྱེ་ཁམས་ལ་གཏོར་བརླག་གཏོང་བཞིན་པའང་མཚམས་འཇོག་བྱ་དགོས་ཞེས་ཨུ་རུ་སུའི་སྲིད་འཛིན་དང་གྲོས་ཚོགས་གོང་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཉིས་ལ་སྙན་ཞུ་འབུལ་བར་མི་མང་གི་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་བཞིན་པ་དང་། ད་ལྟ་ཟླ་བ་གཅིག་མ་ཟིན་གྱི་རིང་དུ་སྙན་ཞུ་འདིར་མི་ཁྲི་༥་ཡས་མས་ཤིག་གིས་མིང་རྟགས་བཀོད་ནས་ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་པ་རེད།

སྙན་ཞུ་དེར་རྒྱ་ནག་པ་ཚོས་མཚོ་འདིའི་རྒྱུད་དུ་མགྲོན་ཁང་དང་ཁང་པ་མང་པོ་འཛུགས་སྐྲུན་བྱས་ཡོད་པ་དག་གི་བཙོག་ཆུའི་རིགས་རྣམས་ཉེ་འགྲམ་གྱི་གཙང་ཆུ་ཆུང་ཆུང་ཞིག་བརྒྱུད་ནས་བྷེ་ཁལ་མཚོ་མོའི་ནང་ལ་བཞུར་དུ་བཅུག་ནས་རང་བྱུང་ཁོར་ཡུག་དང་སྐྱེ་ཁམས་ལ་གནོད་པ་ཚབས་ཆེན་བཟོ་བཞིན་འདུག་ཅེས་བཀོད་ཡོད་པ་མ་ཟད། སྙན་ཞུ་དེར་ཨུ་རུ་སུའི་སེ་བྷི་རི་ཡའི་ཁུལ་གྱི་ཤིང་ནགས་བཅད་ནས་རྒྱ་ནག་ལ་སྐྱེལ་འདྲེན་བྱེད་བཞིན་པའང་མཚམས་འཇོག་བྱ་དགོས། བྷེ་ཁལ་མཚོ་ཆུས་བཏུང་བའི་རིགས་བཟོས་ནས་རྒྱ་ནག་ཏུ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པའང་མཚམས་འཇོག་བྱ་དགོས། ཨུ་རུ་སུའི་ས་ཆར་རྒྱ་ནག་གི་ཁྱི་ཤའི་དུས་ཆེན་ཚུགས་རྒྱུ་འགོག་དགོས་ཞེས་འཁོད་འདུག ཨུ་རུ་སུའི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་བྷེ་ཁལ་མཚོ་ཁར་རྒྱ་ནག་པ་མང་པོས་ཚོང་ལས་རྒྱ་སྐྱེད་བྱེད་བཞིན་པའི་དམིགས་ཡུལ་ནི་རྒྱ་ནག་གིས་ཨུ་རུ་སུའི་ས་ཆ་བཙན་བཟུང་བྱས་ནས་མངའ་ཁོངས་རྒྱ་སྐྱེད་བྱ་རྒྱུའི་འཆར་གཞི་ཡིན་ཞིང་། རྒྱ་ནག་གིས་ཨུ་རུ་སུའི་སེ་བྷི་རི་ཡ་དང་བྷེ་ཁལ་མཚོ་གཉིས་སྔོན་ཆད་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་རྩོད་པ་རྒྱག་གི་ཡོད་པའི་གནས་ཚུལ་སྤེལ་འདུག བྷེ་ཁལ་མཚོ་ཁར་ལྟ་སྐོར་དུ་ཡོང་མཁན་མང་ཆེ་བ་རྒྱ་ནག་པ་ཡིན་པས་རྒྱ་ནག་གི་མགྲོན་ཁང་དང་ཚོང་ཁང་རྣམས་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། ཁོ་ཚོས་མགྲོན་ཁང་སོགས་མི་གཞན་ལ་འཚོང་སྒྱུར་བྱེད་དུས་ཀྱང་རྒྱ་ནག་པ་འབའ་ཞིག་ལ་མ་གཏོགས་ཚོང་སྒྱུར་བྱེད་ཀྱི་མེད་ཅིང་། ཉོ་ཚོང་ཡང་དངུལ་སྨར་རྐྱང་པ་སྤྲོད་ལེན་བྱས་ནས་ཁྲིམས་འགལ་གྱི་ཚོང་ལས་གཉེར་བཞིན་ཡོད་པས་ཨུ་རུ་སུའི་དཔལ་འབྱོར་ཁེ་ཕན་ལ་གནོད་ཀྱི་ཡོད་པ་དང་། རྒྱ་ནག་གི་ཚོང་པ་དག་གིས་བཟོས་པའི་ཡུལ་སྐོར་སྤྲོ་འཆམ་པའི་ཁྱབ་བསྒྲགས་ཡི་གེའི་ནང་དུའང་བྷེ་ཁལ་མཚོ་ནི་སྔོན་ཆད་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མང་པོར་བག་ཆག་འཇོག་གི་ཡོད་པ་རེད། ཨུ་རུ་སུའི་མི་རྣམས་ཀྱིས་རྒྱ་ནག་པའི་བྱེད་སྟངས་འདི་ཉིད་རྒྱ་ནག་གིས་ཨུ་རི་སའི་མངའ་ཁོངས་སུ་དཔལ་འབྱོར་གྱི་ནུས་སྟོབས་རྒྱ་བསྐྱེད་རྒྱུའི་ཐབས་ཤེས་ཤིག་ཡིན་པ་དང་། མ་འོངས་བར་བྷེ་ཁལ་མཚོ་ཁར་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཡོང་བཞིན་པའི་གྲངས་ཀ་ལོ་རེར་མི་གྲངས་ས་ཡ་གཅིག་ཙམ་ཟིན་སྲིད་པ་ཉེན་ཁ་ཞིག་མཐོང་གི་ཡོད་པས་རེད། ད་ལྟ་ཨུ་རུ་སུ་དང་བྷུ་རི་ཡ་ཐེ་སྤྱི་མཐུན་རྒྱལ་ཕྲན་གྱི་མངའ་ཁོངས་སུ་གཏོགས་པའི་བྷེ་ཁལ་མཚོ་ལ་མིང་འདོགས་མི་འདྲ་བ་མང་པོ་ཞིག་ཡོད་ཅིང་།

Buryatian national costumes
Buryatian national costumes

མཚོ་འདི་ནི་སོག་པོ་ཧོར་གྱི་རྒྱལ་ཁབ་དང་སྤྱི་ལེ་༡༡༡་གི་མཚམས་སུ་ཡོད་པས་སོག་པོ་ཚོས་མཚོ་འདིར་ཏྰ་ལའི་ནོར་ཏེ། རྒྱ་མཚོ་ལྟ་བུའི་མཚོ་མོ་ཞེས་འབོད་ཀྱི་ཡོད་པ་རེད། མཚོ་མོ་འདི་ནི་འཛམ་གླིང་གི་མཚོ་མོ་རྒྱ་ཁྱོན་ཆེ་ཆུང་ཨང་རིམ་བདུན་པ་དང་འཛམ་གླིང་སྟེང་གི་གཏིང་ཚད་ཆེས་ཟབ་ཤོས་ཀྱི་མཚོ་ཞིག་ཡིན། མཚོ་འདིའི་མཐའ་འཁོར་གྱི་ཡུལ་ལྗོངས་མཛེས་ཤིང་མཚོ་ལ་གནས་པའི་སྲོག་ཆགས་ཀྱི་རིགས་མང་པོ་ཡོད་པ་བཅས་ཀྱིས་༡༩༩༦་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོ་འདི་འཛམ་གླིང་གི་རང་བྱུང་གནས་ཡུལ་གྲགས་ཅན་གྱི་ཁོངས་སུ་བཅུག་ཡོད་པ་རེད།།

XS
SM
MD
LG