ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༣/༢༡

རྒྱ་ནག་ལ་ཉེས་ཆད་གཅོད་པའི་ཚོང་ལས་སྲིད་ཇུས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།།ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་སྲིད་འཛིན་གྱི་འོས་མིར་ལངས་པའི་དུས་སུ་རྒྱ་ནག་གིས་ཚོང་ལས་དྲང་སྙོམས་ཤིག་བྱེད་ཀྱིན་མེད་པ་དང་། ང་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་ལས་ཆ་མཉམ་མེད་པ་སྙོམས་ཐབས་བྱ་རྒྱུ་ཡིན། རྒྱ་ནག་གིས་ཨ་མི་རི་ཀར་ཕྱིར་ཚོང་བྱེད་ཀྱིན་ཡོད་པའི་དངོས་ཟོག་ཁག་ཅིག་གི་དཔྱ་ཁྲལ་སྤར་རྒྱུ་ཡིན་ཞེས་ངར་སྐད་ཆེན་པོ་བསྒྲགས་ཡོད། ཡིན་ནའང་ཌོ་ནལ་ཊོམ་གྱིས་སྲིད་དབང་བཟུང་བའི་ལོ་དང་པོ་དེར་རྒྱ་ནག་ལ་ཚོང་ལས་ཀྱི་ཉེས་ཆད་གཅོད་པའམ། ཡང་ན་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་ལས་ཆ་མཉམ་མེད་པ་སྙོམས་ཐུབ་མེད་ཅིང་། རྒྱ་ནག་གཞུང་གིས་སྲིད་འཛིན་ཌོ་ནལ་ཊོམ་ལ་གུ་བཤངས་འབའ་ཞིག་བྱས་པ་ནི་སྲིད་འཛིན་ཌོ་ནལ་ཊོམ་གྱི་བུ་མོ་ཨི་ཝྭན་ཁའི་མིང་བྱང་འཁོད་པའི་གྱོན་གོས་དང་ལྷམ་སོགས་རྒྱ་ནག་གི་ཁྲོམ་རའི་ནང་དུ་བཙོང་ཆོག་པ་དང་། རྒྱ་ནག་གི་གྲོང་ཁྱེར་ཁག་གི་ཁང་ཆེན་འགའ་ཞིག་ལ་ཊོམ་ཁང་ཆེན་ཞེས་མིང་བྱང་འཁོད་ཆོག་པའི་ཁེ་སང་ཙམ་ལས་སྤྲད་མེད། འདས་པའི་ལོ་གཅིག་གི་རིང་ལ་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་སྲིད་འཛིན་ཌོ་ནལ་ཊོམ་ལ་རྒྱ་ནག་གི་དངོས་ཟོང་ཁག་ཅིག་ལ་དཔྱ་ཁྲལ་མཐོ་རུ་བཏང་སྟེ། དངོས་ཟོག་དེ་དག་གི་གྲངས་འབོར་ཚད་བཀག་བྱ་དགོས་ཞེས་འབོད་སྐུལ་བརྒྱབ་ཡོད། དཔེར་ན་རྒྱ་ནག་གིས་ཨ་མི་རི་ཀར་ཕྱིར་ཚོང་བྱེད་ཀྱིན་ཡོད་པའི་ཉི་གློག་ཤེལ་ལེབ་དང་ཁྲ་ཁྲུས་འཕྲུལ་ཆས་སོགས་ཨ་མི་རི་ཀར་ཚད་ལས་བརྒལ་པ་ཞིག་ཕྱིར་ཚོང་བྱེད་ཀྱི་ཡོད་པས་ཨ་རིའི་རྒྱལ་ནང་ནས་ཐོན་པའི་ཉི་གློག་ཤེལ་ལེབ་དང་ཁྲ་ཁྲུས་འཕྲུལ་ཆས་ཀྱི་བཟོ་ལས་ཁག་ལ་གྱོང་གུད་ཆེན་པོ་ཕོག་གི་འདུག སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀ་ཨང་དང་པོར་འཛིན་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་ལག་ལེན་བསྟར་དགོས་པའི་ནན་བརྗོད་བྱས་འདུག དེར་བརྟེན་ཕོ་བྲང་དཀར་པོར་འབྲེལ་བ་དམ་ཟབ་ཡོད་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་འགོ་ཁྲིད་ཚོས་བཤད་པ་ལྟར་ན་༢༠༡༨་ཀྱི་མགོ་སྟོད་ནས་སྲིད་འཛིན་ཌོ་ནལ་ཊོམ་གྱིས་གྲུབ་འབྲས་སྟོན་རྒྱུ་ཡོད་པའི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་གྲབས་ཡོད་པ་དང་། ཨ་རིའི་གཞུང་གི་ཚོང་དོན་ལས་སྣེ་ཚོས་ཀྱང་ཨ་མི་རི་ཀའི་ཉི་གློག་ཤེལ་ལེབ་བཟོ་ལས་དང་ཁྲ་ཁྲུས་འཕྲུལ་ཆས་སོགས་ཀྱི་བཟོ་ལས་ཁག་གིས་རྒྱལ་ནང་གི་ཁྲོམ་རའི་ནང་དུ་འགྲན་སྡུར་བྱེད་ཐུབ་ཀྱི་མེད་པའི་འགག་རྩ་རྒྱ་ནག་ལ་ཐུག་ཡོད། རྒྱ་ནག་གིས་ཨ་མི་རི་ཀའི་ཁྲོམ་རའི་ནང་དུ་ཉི་གློག་ཤེལ་ལེབ་དང་ཁྲ་ཁྲུས་འཕྲུལ་ཆས་ཚད་ལས་བརྒལ་པ་ཞིག་ཕྱིར་ཚོང་བྱས་ཀྱང་རྒྱ་ནག་གི་ཁྲོམ་ར་དེ་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་སྒོ་འབྱེད་བྱེད་ཀྱིན་མེད་པ་དང་། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པ་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་འདུག་ཅེས་སྲིད་འཛིན་ཌོ་ནལ་ཊོམ་ལ་སྙན་གསེང་ཞུས་ཡོད་པ་རེད། ཚོང་དོན་ཉམས་ཞིབ་པ་ཚོས་ཨ་མི་རི་ཀས་ཕྱོགས་གཅིག་རྐྱང་པའི་ངོས་ནས་རྒྱ་ནག་གི་དངོས་ཟོག་ཁག་ཅིག་ལ་དཔྱ་ཁྲལ་སྤར་ཚེ། ཨ་མི་རི་ཀས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་སྒྲིག་གཞི་ལ་འགལ་འཛོལ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་ཁྲོམ་རའི་ནང་དུ་གཞན་གྱི་རིག་དངོས་བདག་དབང་རྐུ་འཁྱེར་བྱེད་ཀྱིན་ཡོད་པ་དང་ཅ་ལག་རྫུན་བཟོ་བྱེད་ཀྱིན་ཡོད་པ། རིག་དངོས་བདག་དབང་རྐུ་འཁྱེར་དང་ཅ་ལག་རྫུན་བཟོ་བྱེད་ཀྱིན་ཡོད་པ་རྣམས་རྒྱ་ནག་གཞུང་གིས་འགོག་གི་མི་འདུག་ཅེས་སྐྱོན་འཛུགས་ཕོག་སྟེ། འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱིས་རྒྱ་ནག་ལ་ཞིབ་འཇུག་གཞི་རྒྱ་ཆེན་པོ་ཞིག་བྱ་འཆར་ཡོད་པར་འགོག་རྐྱེན་འཕྲད་སྲིད་ཅེས་ཉེན་བརྡ་བཏང་འདུག རྒྱ་ནག་གིས་ཨ་མི་རི་ཀར་དངོས་ཟོག་ཚད་ལས་བརྒལ་པ་ཞིག་ཕྱིར་ཚོང་བྱེད་ཀྱི་ཡོད་པ་ཉི་གློག་ཤེལ་ལེབ་དང་ཁྲ་ཁྲུས་འཕྲུལ་ཆས་གཅིག་པུ་མིན་པ་དང་། རྒྱ་ནག་གིས་ཨ་མི་རི་ཀར་ཧ་ཡང་དང་དྭངས་ལྕགས་ཕྱིར་ཚོང་བྱ་རྒྱུའང་ཚད་ལས་བརྒལ་ནས་ཨ་མི་རི་ཀའི་ཧ་ཡང་དང་དྭངས་ལྕགས་བཟོ་ལས་ཁག་མ་རྩ་བརྡིབ་རྒྱུའི་ཉེན་ཀ་ཡོད། རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་སི་ཀོ་ཊི་ཁེ་ཎི་ཌིས་རྒྱ་ནག་གིས་ཚོང་ལས་བརྒྱུད་ནས་ཨ་མི་རི་ཀ་ཟིལ་གྱིས་གནོན་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གི་དངོས་ཟོག་རྣམས་ཨ་མི་རི་ཀའི་ཁྲོམ་ར་ཁག་ལ་ཡོངས་སུ་ཁྱབ་སྟེ་ཨ་རིའི་རྒྱལ་ནང་གི་དངོས་ཟོག་རྣམས་བཙོང་ས་མེད་པ་ཞིག་གྱུར་ཟིན། ཨ་མི་རི་ཀའི་ཁྲོམ་ར་ཧྲིལ་བོ་རྒྱ་ནག་གི་སྟངས་འཛིན་འོག་ཏུ་ཚུད་སྲིད་པའི་ཉེན་ཀ་དེར་དོགས་ཟོན་བྱེད་པའི་དུས་ལ་བབས་འདུག་ཅེས་ཉེན་བརྡ་བཏང་ཡོད་པ་རེད། ཟླ་སྔོན་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་རྒྱ་ནག་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པའི་སྐབས་སུ་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པའི་ལན་ཁག་རྒྱ་ནག་ལ་མེད། ཨ་མི་རི་ཀའི་སྲིད་གཞུང་སྔོན་མ་ཚོས་རྒྱ་ནག་ལ་ཁེ་སང་སྤྲོད་རྐྱང་བྱས་པའི་ཉེར་ལེན་གྱིས་ཕྱོགས་གཉིས་ལ་ཚོང་ལས་ཆ་མཉམ་མེད་པ་འདི་བྱུང་བ་རེད་ཅེས་གཏམ་བཤད་བྱས་ཡོད། ༢༠༡༦་ནས་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀ་ཨང་དང་པོར་འཛིན་རྒྱུ་ཡིན། རྒྱ་ནག་གིས་གཡོ་ཁྲམ་བྱེད་ཀྱིན་ཡོད་པར་ཚོང་ལས་ཀྱི་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་ངར་སྐད་ཆེན་པོ་བསྒྲགས་མོད། ཌོ་ནལ་ཊོམ་གྱི་སྲིད་དབང་ནས་ཟླ་བ་བཅུའི་ནང་དུ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པ་ཨ་སྒོར་ཁྲག་ཁྲིག་གསུམ་དང་ཐེར་འབུམ་༩་ལ་འཕར་ཡོད། ཐོག་མར་ཨ་རིའི་སྲིད་འཛིན་ཁེ་ལིན་ཊོན་གྱིས་རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཆོག་པའི་མོས་མཐུན་བྱས་ནས་བཟུང་། རྒྱ་ནག་གཞུང་གིས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་སྒྲིག་གཞི་ཁག་ལ་བརྩི་མེད་བཏང་སྟེ། ཁོ་ཚོས་གཞན་གྱི་རིག་དངོས་བདག་དབང་རྐུ་འཁྱེར་དང་ཅ་ལག་རྫུན་བཟོ། རྒྱ་ནག་གི་ཁྲོམ་ར་སྒོ་བརྒྱབ་ནས་གཞན་གྱི་ཁྲོམ་རའི་ནང་དུ་རྒྱ་ནག་གི་དངོས་ཟོག་ཕྱིར་ཚོང་བྱ་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ཡོད་པ་རེད།།

XS
SM
MD
LG