ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྩ་ཁྲིམས་ལ་སྒྱུར་བཅོས་ཀྱི་གྲོས་བསྡུར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་སྲིད་འཛིན་ཞིས་ཅིན་ཕིང་གི་ལས་དུས་དང་པོའི་སྲིད་ཇུས་གཙོ་བོ་ཞིག་ཡིན་པ་དང་། ཞིས་ཅིན་ཕིང་གི་ལས་དུས་གཉིས་པའི་སྐབས་སུའང་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་བཏང་སྟེ། ད་ལྟ་རྒྱ་ནག་ལ་རྒྱལ་ཡོངས་ལྟ་སྐུལ་ལྷན་ཁང་ཟེར་པ་ཞིག་གསར་འཛུགས་བྱ་དགོས་པའི་གྲོས་བསྡུར་བྱེད་ཀྱི་ཡོད་ཅིང་། ལོ་རྗེས་མའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་རྒྱལ་ཡོངས་ལྟ་སྐུལ་ལྷན་ཁང་འཛུགས་ཆོག་པའི་བཀའ་འཁྲོལ་འཐོབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། རྒྱལ་ཡོངས་ལྟ་སྐུལ་ལྷན་ཁང་གིས་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་ལས་འགན་རྣམས་རྩིས་ལེན་བྱ་རྒྱུ་དང་། རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་པའི་ཚན་པ་ཡོད་དོ་ཅོག་རྒྱལ་ཡོངས་ལྟ་སྐུལ་ལྷན་ཁང་གི་ཁོངས་སུ་བསྡུ་རྒྱུ། རྒྱལ་ཡོངས་ལྟ་སྐུལ་ལྷན་ཁང་ལ་དམར་ཤོག་ཚོགས་པའི་མི་ཚོགས་མི་གཅིག་པུ་མིན་པར་རྒྱལ་ཁབ་ཀྱི་གཞུང་གཉེར་སྒྲིག་འཛུགས་ཁག་གི་ལས་བྱེད་པ་ཚོ་ལའང་ཞིབ་འཇུག་བྱེད་ཆོག་པའི་དབང་ཚད་སྟེར་དགོས་མིན་ལ་ཚོད་ལྟ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་ཚེས་༢༧་ཉིན་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་ཟླ་བ་རྗེས་མར་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་རྣམས་ཚོགས་འདུ་འཚོགས་ཏེ། ཁོ་ཚོས་རྒྱ་ནག་གི་རྩ་ཁྲིམས་ལ་སྒྱུར་བཅོས་གཏོང་དགོས་པའི་གྲོས་བསྡུར་བྱ་རྒྱུ་དང་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་པའི་ནུས་ཤུགས་ཆེ་རུ་གཏོང་བའི་ཚོགས་འདུ་གལ་ཆེན་གཉིས་འཚོགས་རྒྱུའི་གྲོས་འཆམ་བྱུང་སོང་ཞེས་གསར་འགྱུར་སྤེལ་མོད། འོན་ཀྱང་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་རྩ་ཁྲིམས་སྒྱུར་བཅོས་ལ་མཇུག་འབྲས་གང་འདྲ་ཞིག་སྨིན་དགོས་པའི་རེ་ལྟོས་འཆང་ཡོད་མེད་དང་། རྒྱ་ནག་གི་རྩ་ཁྲིམས་ལ་ངོ་མར་ནུས་པ་ཡོད་པའི་སྒྱུར་བཅོས་ཤིག་གཏོང་རྒྱུ་ཡིན་མིན་གསར་འགྱུར་གསལ་བོ་ཞིག་སྤེལ་མེད་པ་རེད། རྒྱ་ནག་གི་རྩ་ཁྲིམས་ཉམས་ཞིབ་མཁས་པ་ཚོས་རྒྱ་ནག་གཞུང་གིས་རྒྱལ་ཡོངས་ལྟ་སྐུལ་ལྷན་ཁང་ཟེར་པ་ཞིག་གསར་འཛུགས་མ་བྱས་གོང་དུ་རྩ་ཁྲིམས་ལ་ངེས་པར་དུ་སྒྱུར་བཅོས་གཏོང་དགོས། རྒྱ་ནག་གི་རྩ་ཁྲིམས་སུ་རྒྱལ་ཡོངས་ལྟ་སྐུལ་ལྷན་ཁང་ལ་དབང་ཚད་འོས་འཚམས་ཡོད་པའི་དོན་ཚན་ཞིག་འགོད་རྒྱུ་གནད་འགག་ཆེན་པོ་ཡིན། རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་ནུས་པ་ཐོན་པ་ཞིག་བྱ་དགོས་ན་ཁྲིམས་ཁང་དང་ཁྲིམས་འཛིན་ལྷན་ཁང་། རྒྱལ་ཡོངས་ལྟ་སྐུལ་ལྷན་ཁང་བཅས་ལ་དབང་ཚད་ཆེན་པོ་རེ་སྟེར་དགོས་ཀྱིན་འདུག་ཅེས་རྒྱུས་སྟོན་བྱས་འདུག ད་སྔ་རྒྱ་ནག་གི་ཆབ་སྲིད་དང་ཁྲིམས། དམག་དོན་བཅས་ཀྱི་དབང་ཚད་མཐའ་དག་དམར་ཤོག་ཚོགས་པ་གཅིག་པུས་སྟངས་འཛིན་བྱས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོ་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་མི་འདུ་བ་དང་། ཁོ་ཚོས་རྒྱ་ནག་གི་ཁྲིམས་ལ་རྡོག་བརྫིས་བཏང་ནས་ལྐོག་ཟ་དང་ཁྲིམས་འགལ་བྱེད་ཀྱི་ཡོད་ཀྱང་ཁྲིམས་གཅོད་བྱེད་ཐུབ་ཀྱི་མེད་ཅིང་། དཔེར་ན་༢༠༠༤་ལོར་རྒྱ་ནག་གི་རྩ་ཁྲིམས་ལ་སྒྱུར་བཅོས་བཏང་ནས་སྒེར་གྱི་ས་ཁང་བདག་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་དགོས་ཞེས་བཀོད་ཡོད། ཡིན་ནའང་དོན་དངོས་ཀྱི་ལག་ལེན་སྐབས་སུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་མེད་བཏང་ནས་རྒྱ་ནག་གི་ལས་དོན་ཐམས་ཅད་དམར་ཤོག་ཚོགས་པའི་རྩ་ཁྲིམས་ལྟར་ལག་ལེན་བསྟར་དགོས་པ་དང་། རྒྱ་ནག་གི་རྩ་ཁྲིམས་སུ་འཁོད་པའི་གཏམ་བརྗོད་རང་དབང་དང་ཆོས་དད་རང་དབང་། མི་རིགས་ས་ཁོངས་རང་སྐྱོང་གི་ཐོབ་ཐང་ཟེར་པའི་དོན་ཚན་ཁག་ཁ་ཡིག་ཉོག་འབའ་ཞིག་ལ་གྱུར་ཡོད། ཞིས་ཅིན་ཕིང་གིས་རྒྱ་ནག་གི་རིམ་པ་ཁག་གི་འགོ་ཁྲིད་ཚོས་ལྐོག་ཟ་བྱེད་མི་ཐུབ་པའི་ཚད་དེར་མ་སླེབས་བར་དུ་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་པའི་ལས་འགུལ་མཚམས་འཇོག་རྒྱུ་མིན། རྒྱ་ནག་གི་འདྲི་གཅོད་ལམ་ལུགས་ལའང་སྒྱུར་བཅོས་གཏོང་རྒྱུ་ཡིན་ཞེས་དམ་བཅའ་འཇོག་གི་ཡོད་རུང་། ཉམས་ཞིབ་པ་ཚོས་རྒྱ་ནག་ལ་རྩ་ཁྲིམས་ལག་ལེན་ཚུལ་བཞིན་མ་བསྟར་ན་ལྐོག་ཟ་རུལ་སུངས་ནམ་ཡང་འགོག་ཐབས་མེད་པའི་དོགས་པ་བྱེད་ཀྱི་ཡོད་པ་དང་། ཞིས་ཅིན་ཕིང་གིས་རྒྱ་ནག་ལ་ལྐོག་ཏུ་འདྲི་གཅོད་བྱེད་པའི་ལམ་ལུགས་ཤིག་དར་ཡོད་པ་མེད་པར་གཏོང་རྒྱུ་ཡིན། རྒྱ་ནག་ལ་བཀག་ཉར་ལམ་ལུགས་གསར་པ་ཞིག་འཛུགས་རྒྱུ་ཡིན་ཞེས་གཏམ་བཤད་བྱས་པ་དངོས་སུ་ལག་ལེན་བསྟར་ཚེ། དེང་སྐབས་རྒྱ་ནག་གཞུང་གིས་ལྐོག་ཏུ་མི་ལ་མནར་གཅོད་བཏང་ནས་འདྲི་གཅོད་བྱེད་ཀྱི་ཡོད་པ་དང་། མི་ལ་ནག་ཉེས་རྫུན་མ་ངོས་ལེན་བྱེད་དུ་བཅུག་ནས་ཁྲིམས་གཅོད་བྱེད་ཀྱི་ཡོད་པ་རྣམས་འགོག་ཐུབ་པའི་རེ་བ་ཡོད་པ་རེད། འདི་ཙམ་ན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་རྣམས་ཚོགས་འདུ་འཚོགས་ཏེ། ཁོ་ཚོས་རང་གིས་རང་ལ་དག་ཐེར་བྱས་པ་དང་སྲིད་འཛིན་ཞིས་ཅིན་ཕིང་ལ་དམ་ཚིག་འགྱུར་བ་མེད་པའི་ཁས་ལེན། འཐུས་མི་༢༥་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་སྲིད་འཛིན་ཞིས་ཅིན་ཕིང་གི་རྗེས་སུ་འབྲང་རྒྱུ་དང་། ཁོ་ཚོས་སྲིད་འཛིན་ཞིས་ཅིན་ཕིང་གི་དགོངས་པར་སློབ་སྦྱོང་མཐར་ཕྱིན་ཞིག་བྱ་རྒྱུ་ཡིན། རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་དང་རྒྱས་སྤྲོས་མི་བྱེད་པ། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་གྲོས་ཆོད་ཁག་ལག་ལེན་ཚུལ་བཞིན་བསྟར་རྒྱུའི་ཁས་ལེན་བྱས་པའི་གསར་འགྱུར་སྤེལ་འདུག ཡིན་ནའང་སྲིད་འཛིན་ཞིས་ཅིན་ཕིང་གིས་རང་གིས་རང་ལ་དག་ཐེར་བྱས་ཡོད་མེད་དང་། ཁོ་པའི་ལས་དུས་དང་པོར་སྲིད་ཇུས་ལག་ལེན་བསྟར་མ་ཐུབ་པ་ཅི་ཞིག་ཡོད་མེད་དང་ལས་དོན་འཐུས་ཤོར་སོང་བ་ཡོད་མེད། ཁོ་པས་ཁས་ལེན་དམ་བཅའ་བཞག་པ་རྣམས་བསྒྲུབས་མ་ཐུབ་པ་བྱུང་ཡོད་མེད་སོགས་ལ་དག་ཐེར་བྱས་ཡོད་མེད་ཀྱི་གནས་ཚུལ་གསལ་བོ་ཞིག་སྤེལ་མེད་པ་རེད།།

XS
SM
MD
LG