ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

གཉེན་ཚན་གསར་པའི་ལས་འགུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཟླ་བ་འདིར་རྒྱ་ནག་གཞུང་གིས་ཞིན་ཅང་གི་ལས་བྱེད་པ་རྣམས་དུས་ཡུན་བདུན་ཕྲག་གཅིག་ལ་ཡུ་གུར་པའི་ཁྱིམ་ཚང་ཁག་ལ་དངོས་སུ་སོང་སྟེ། ཁོ་ཚོས་ས་གནས་ཀྱི་གཞི་རིམ་མང་ཚོགས་ཀྱི་མཉམ་དུ་འཚོ་བ་རོལ་དགོས་པའི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་ལས་བྱེད་པ་དང་ས་གནས་མི་དམངས་གཉིས་ཀྱིས་གཉེན་ཚན་གསར་པ་བསྒྲིགས་པའི་ལས་འགུལ་འདི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བའི་ཆེད་དུ་ཡིན་ཞེས་དྲིལ་བསྒྲགས་བྱེད་ཀྱི་ཡོད། འོན་ཀྱང་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་སྤེལ་གྱི་ཡོད་པའི་ལས་འགུལ་འདིའི་དམིགས་ཡུལ་གཙོ་བོ་ཞིན་ཅང་གི་ཡུ་གུར་པ་ཚོར་ལྟ་རྟོག་ནན་པོ་བྱེད་པའི་ཐབས་ཇུས་གསར་པ་ཞིག་ཡིན་ཞིང་། རྒྱ་གཞུང་གི་ལས་བྱེད་པ་དང་མི་དམངས་གཉིས་དུས་ཡུན་བདུན་ཕྲག་གཅིག་ལ་མཉམ་དུ་འཚོ་གནས་བྱ་དགོས་པ་དེར་ཞིན་ཅང་གི་ཡུ་གུར་པ་ཚོ་དོགས་བདེ་བོ་མེད་པ་ཞིག་ལ་གྱུར་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད། ཕྱི་ཟླ་༡༢་ཚེས་ཚེས་༡༡་ནས་ཞིན་ཅང་གི་ལས་བྱེད་པ་སྟོང་ཕྲག་མང་པོ་གྲོང་གསེབ་ཁག་ལ་མངགས་ནས་ཡུ་གུར་པའི་ཁྱིམ་ཚང་ཁག་ཏུ་མཉམ་བཟའ་མཉམ་འཐུང་བྱེད་ཀྱི་ཡོད་ཅིང་། ལས་བྱེད་པ་ཁག་ཅིག་ཡུ་གུར་པའི་མི་མང་ལ་འབྲེལ་བ་ཡོད་པའི་གཉེན་ཚན་ངོ་མ་ཡིན་སྲིད་ཀྱང་རྒྱ་ནག་གཞུང་གིས་མངགས་གཏོང་བྱས་པའི་ལས་བྱེད་པ་མང་དག་ཅིག་སློབ་གྲྭའི་དགེ་རྒན་དང་ཁྲིམས་ཁང་གི་ལས་བྱེད་པ། གཞུང་གི་ལས་ཁུངས་ཁག་གི་ལས་བྱེད་པ་རྒྱ་མི་རིགས་ཡིན་པ་དང་། ཁོ་ཚོ་ཞིན་ཅང་གི་ཡུ་གུར་མི་མང་ལ་ཐུག་མྱོང་མེད་པ་དང་ཕན་ཚུན་ངོ་མི་ཤེས་པ། རྒྱ་གཞུང་གི་ལས་བྱེད་པ་དང་ཡུ་གུར་པའི་ཆོས་ལུགས་དང་གཞུང་རིག བསམ་བློའི་ལྟ་བ་སོགས་ཕྱོགས་གང་ཐད་དུ་ཐ་དད་ཡིན་པས། ཞིན་ཅང་གི་ཡུ་གུར་པ་དང་རྒྱ་མི་རིགས་གཉིས་གཉེན་ཚན་གསར་པ་བསྒྲིག་དགོས་པའི་ལས་འགུལ་འདི་ཁྱད་མཚར་ཞིག་རེད་ཅེས་འགྲེལ་བཤད་བརྒྱབ་ཡོད། དེང་སྐབས་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་ཡོད་པའི་འཛམ་གླིང་ཡུ་གུར་རྒྱལ་ཡོངས་ཚོགས་པའི་མགྲིན་ཚབ་པ་ར་ཤི་ཐེས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པར་བཤད་པ་ལྟར་ན་རྒྱ་གཞུང་གི་ལས་བྱེད་པ་དེ་དག་ཡུ་གུར་པའི་ཁྱིམ་ཚང་ཁག་ཏུ་དུས་ཡུན་བདུན་ཕྲག་གཅིག་ལ་བསྡད་པའི་རིང་གི་ལས་འགན་གཙོ་བོ་མི་མང་ལ་ཉམས་ཚོད་ལེན་པ་དང་ཞིན་ཅང་གི་ཡུ་གུར་པ་ཚོས་རང་གི་ཆོས་ལུགས་ལ་འཛིན་པའི་ལྟ་བ་ཅི་ཡིན། ཡུ་གུར་པའི་ཁྱིམ་ཚང་ཁག་ཏུ་ཁ་ཆེའི་གསུང་རབ་ཀོ་རན་ཉར་འཛིན་བྱེད་ཡོད་མེད་དང་། ཁ་ཆེའི་ཆོས་ལུགས་ལ་འབྲེལ་བ་ཡོད་པའི་དཔེ་དེབ་དང་སྒྲ་འཇུག་འཁོར་སྡེར་ཡོད་མེད་ཞིབ་འཇུག་བྱ་རྒྱུ། ད་དུང་རྒྱ་གཞུང་གི་ལས་བྱེད་པ་ཚོས་ཡུ་གུར་མི་དམངས་ལ་གཞུང་གི་སྲིད་ཇུས་དང་གུང་ཁྲན་ཏང་གི་འགོ་ཁྲིད་ལ་གོང་བཀུར་བྱ་དགོས་པ། ཡུ་གུར་པ་ཚོས་ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་གསུམ་ལ་འཐབ་རྒོལ་བྱ་རྒྱུ། ཡུ་གུར་པ་ཚོས་རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་བཟང་ཕྱོགས་ཀྱི་ལེགས་སྐྱེས་འབུལ་དགོས་པའི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པ་དང་། ཡུ་གུར་པ་ཚོར་གཞུང་གིས་མངགས་གཏོང་བྱས་ཡོང་བའི་ལས་བྱེད་པ་རྣམས་བསུ་ལེན་བྱེད་དང་མི་བྱེད་ཀྱི་རང་དབང་ངམ། ཡང་ན་ཡུ་གུར་པ་ཚོར་གདམ་ཀ་གང་ཡང་མི་འདུག་ཅེས་འགྲེལ་བཤད་བརྒྱབ་འདུག ཕྱི་རྒྱལ་ན་ཡོད་པའི་ཡུ་གུར་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཀྱང་གསར་འགོད་པ་ཚོར་བཤད་པ་ལྟར་ན། ད་ལོའི་ཕྱི་ཟླ་༨་ནས་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ། ཁྲེན་ཆོན་གོས་གཞུང་གི་ལས་བྱེད་པ་རྣམས་མི་དམངས་ཀྱི་ཁྱིམ་དུ་གཏོང་དགོས་པའི་ལས་འགུལ་འདི་མགོ་བརྩམས་ཤིང་། ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་མ་སོང་གོང་དུ་ཁྲེན་ཆོན་གོས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་བཟུང་སྟེ། ཁོ་པས་མདོ་དབུས་ཁམས་གསུམ་གྱི་བོད་པ་ཚོའི་འགྲིམ་འགྲིམ་བཀག་པ་དང་ཆོག་མཆན་སྣ་མང་ཞིག་ཞུ་དགོས་པ། དགོན་པ་དང་ལྷ་ཁང་། སྲང་ལམ་དང་མི་ཚོགས་འཛོམས་ཁག་ལ་པར་ཆས་བཙུགས་ནས་ཉིན་མཚན་དུས་དྲུག་ལ་བོད་པ་ཚོར་ལྟ་རྟོག་བྱས་པ་དང་། ཇ་ཁང་དང་ཆང་ཁང་། ཁྱིམ་ཚང་གི་སྒོ་ར་སོགས་ལ་སོ་མྱུལ་དང་ལྟ་རྟོག་པ་འགྲེམ་འཇོག་བྱས་པ། བོད་པ་ཚོར་ཕྱིར་སྐྱོད་ལག་འཁྱེར་མི་སྤྲོད་པ། མི་མང་གི་ཁ་པར་དང་སྐད་འཕྲིན་སོགས་ལ་ལྐོག་ཉན་བྱས་ནས་བོད་རང་སྐྱོང་ལྗོངས་ལ་ཧ་ཅང་གདུག་རྩུབ་ཆེ་བའི་སྲིད་ཇུས་སྣ་མང་ཞིག་ལག་ལེན་བསྟར་ཏེ། ད་ལྟ་ཁྲེན་ཆོན་གོས་སྔོན་ཆད་བོད་རང་སྐྱོང་ལྗོངས་ལ་ལག་ལེན་བསྟར་པའི་གདུག་རྩུབ་ཀྱི་སྲིད་ཇུས་དེ་རྣམས་ཞིན་ཅང་ལ་ལག་ལེན་བསྟར་བཞིན་ཡོད། ཞིན་ཅང་གི་ལས་བྱེད་པ་རྣམས་ཡུ་གུར་པའི་ཁྱིམ་ཚང་ཁག་ལ་མ་བཏང་གོང་དུ་དྲག་ཆས་ཉེན་རྟོག་པ་དང་ཉེན་རྟོག་པ་སྟོང་ཕྲག་མང་པོ་ཞིན་ཅང་གི་གྲོང་གསེབ་ཁག་ལ་འགྲེམ་འཇོག་བྱས་པ་དང་། ༢༠༡༧་གཅིག་པུར་ཁྲེན་ཆོན་གོས་ཞིན་ཅང་གི་ས་གནས་ཁག་ལ་ཉེན་རྟོག་པའི་དམག་སྒར་ཁྲི་༩་ཙམ་ཁ་སྣོན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG