ངོ་འཕྲད་བདེ་བའི་དྲ་འབྲེལ།

དཀོན་པེ་གྲོངས་རྗེས་ཨ་ཕ་བཀག་ཉར།



ཕྱི་ཚེས་༢༣་ཉིན་བོད་མདོ་སྨད་རྔ་པའི་ས་ཁུལ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ནི་རྔ་པ་བོད་རིགས་རང་སྐྱོང་ཁུལ། རྔ་པ་རྫོང་གཅའ་ཡུལ་ཚོའི་ཕྱུགས་ལས་གོང་མའི་ཕ་རྒྱ་སྐྱབས་དང་ཨ་མ་འཕྲིན་ལྡོག་གཉིས་ཀྱི་བུ་དཀོན་པེ་ཡིན་ཞིང་། འདས་པོ་དེ་ཉིད་ལོ་ན་༣༠་ཡས་མས་ཤིག་རེད།

ཕྱི་ཚེས་༢༣་ཉིན་ལ་བོད་མདོ་སྨད་རྔ་པར་རང་སྲེག་ངོ་རྒོལ་བྱེད་མཁན་དཀོན་པེ་འབར་ཁམས་ཁུལ་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་སོང་ཞེས་ནང་མི་ཚོར་རྒྱ་ནག་གི་གཞུང་འབྲེལ་མི་སྣས་བརྡ་ལན་འབྱོར་བ་ལྟར་ནང་མི་ཚོ་སྐུ་ཕུང་ལེན་དུ་སོང་ཡང་རུས་ཐལ་ལས་ཅི་ཡང་སྤྲད་མེད་ཅིང་།

ད་དུང་སྨན་ཡོན་ཆེན་པོ་ཤོར་སོང་བས་དངུལ་སྐྱིན་མ་སྤྲད་བར་དུ་ཨ་ཕ་གཏའ་མར་ཉར་རྒྱུ་ཡིན་ཞེས་བཀག་ཉར་བྱས་འདུག གཞན་ཡང་དཀོན་པེས་རང་སྲེག་ངོ་རྒོལ་བྱས་པའི་རྗེས་སུ་ལུས་ཕུང་རྒྱ་ནག་གཞུང་གིས་བཙན་ཁྱེར་བྱས་ཏེ། ཀིརྟི་དགོན་པར་ཆོས་ཞུགས་བྱེད་ཡོད་པའི་དཀོན་པེའི་གཅུང་པོ་བཀྲ་ཤིས་དང་སྲིང་མོ་གཉིས་ཀྱང་འཛིན་བཟུང་བྱས་ཡོད་པ་མ་ཟད། དཀོན་པེ་འདས་གྲོངས་སུ་གྱུར་པའི་གཞུག་ཏུ་མཚན་གཅིག་ལ་བཀག་ཉར་བྱས་པའི་རྗེས་སུ་གཅུང་པོ་དང་སྲིང་མོ་གཉིས་གློད་གྲོལ་བཏང་རུང་། ཁོ་ཚོ་ཡར་མར་འགྲོ་སྐྱོད་བྱེད་མི་ཆོག་པ་དང་མི་གཞན་ལ་འབྲེལ་བ་བྱེད་མི་ཆོག་པའི་ཉེན་བརྡ་བཏང་འདུག

དཀོན་པེ་འདས་གྲོངས་སུ་ཕྱིན་པར་མྱ་ངན་བྱེད་པའི་ཆེད་དུ་ཕྱི་ཚེས་༢༤་དང་ཚེས་༢༥་ལ་གཉིས་ལ་རྔ་པའི་རྫོང་ཐོག་གི་བོད་པའི་ཚོང་ཁང་དང་ཟ་ཁང་སོགས་སྒོ་བརྒྱབ་ནས་རང་སྲེག་ངོ་རྒོལ་བ་འདས་པོ་དེར་གདུང་སེམས་མཉམ་སྐྱེད་བྱས་ཡོད་པ་རེད། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རང་སྲེག་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་བྱ་དགོས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་ཀྱང་རང་ལུས་མེར་སྲེག་གི་འབྱུང་རྐྱེན་དང་། རང་སྲེག་ངོ་རྒོལ་མེད་པར་གཏོང་བའི་ཐབས་ལམ་གཉིས་ཀ་རྒྱ་ནག་གཞུང་ལ་ཡོད་ཅེས་ནན་བརྗོད་བྱས་པ་དང་། ཕྱི་ལོགས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་མདུན་དུ་ངོ་རྒོལ་སྐད་འབོད་བྱེད་པའམ། ཡང་དཀོན་པེ་ལ་འདས་མཆོད་དང་སྨོན་ལམ་སོགས་འཚོགས་ཀྱི་ཡོད་པ་རེད།།

XS
SM
MD
LG