ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཇིང་གིར་རྒྱལ་པའི་འདྲ་རིས་ལ་རྡོག་བརྫིས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གི་ཁོངས་གཏོགས་ནང་སོག་གི་ན་གཞོན་ཞིག་གིས་ཆེན་པོ་ཧོར་གྱི་གོང་མ་གྲགས་ཅན་ཇིང་གིར་རྒྱལ་པོའམ། ཡོངས་གྲགས་སུ་ཇིན་ཁི་སི་ཧན་དུ་གྲགས་པའི་གོང་མ་དེའི་འདྲ་རིས་ཤིག་ལ་རྡོག་བརྫིས་བཏང་སྟེ། ཁོ་པར་མི་རིགས་ཀྱི་ཞེ་འཁོན་སློང་མཁན་དང་མི་རིགས་མཐོང་ཆུང་བྱེད་མཁན་གྱི་ནག་ཉེས་བཙུགས་ནས་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག གནས་ཚུལ་འདིའི་འབྱུང་རྐྱེན་ནི་ད་ལོའི་སྤྱི་ཟླ་༥་པར་ནང་སོག་ཏུ་སྐྱེས་པའི་རུས་ལྰོ་ཅན་ཟེར་པའི་ཕོ་གསར་ན་གཞོན་ཞིག་གིས་འགྲེམ་སྟོན་ཁང་གི་གྱང་ངོས་སུ་བཀལ་ཡོད་པའི་ཇིང་གིར་རྒྱལ་པོའི་འདྲ་རིས་ཤིག་ལ་རྡོག་བརྫིས་བཏང་བ་སོ་སོ་རང་གིས་བརྙན་པར་བླངས་པ་དང་། དེའི་རྗེས་སུ་ཁོ་པས་བརྙན་ཐུང་དེ་དྲ་ལམ་དུ་སྤེལ་ནས་མི་མང་པོི་ཞིག་ལ་ཁོང་ཁྲོ་བསླངས། མི་ཁ་ཤས་ཀྱིས་ཉེན་རྟོག་ལས་ཁུངས་སུ་ཁ་པར་བཏང་ནས་ན་གཞོན་དེར་ཉེས་ཆད་གཅོད་དགོས་པའི་རེ་འདུན་བཏོན་པས་རྒྱ་གཞུང་གིས་བརྙན་ཐུང་དེའི་རྐྱེན་གྱིས་མི་རིགས་མཐུན་སྒྲིལ་ལ་འགལ་ཟླ་སློང་སྲིད་པའི་དོགས་གཞིའི་འོག་ཏུ་དྲ་ལམ་གྱི་བརྙན་ཐུང་དེ་ནག་བསུབ་བཏང་འདུག བདུན་ཕྲག་སྔོན་མའི་གཟའ་མིག་དམར་ཉིན་ན་གཞོན་དེར་ནང་སོག་གི་ཨོར་ཊོ་སི་གྲོང་ཁྱེར། ཡྰིས་ཅིན་ཧོ་ལོ་ས་གནས་མི་དམངས་ཁྲིམས་ཁང་གིས་ཁྲིམས་བཤེར་བྱས་ཏེ། ན་གཞོན་དེས་ཇིང་གིར་རྒྱལ་པོའི་འདྲ་རིས་ལ་རྡོག་བརྫིས་བཏང་ནས་མི་མང་པོའི་སེམས་ལ་ཕོག་ཐུག་བཏང་བར་བཟོད་གསོལ་ཞུས་ཡོད་པ་རེད།

ཇིང་གིར་རྒྱལ་པོ་ནི་དུས་རབས་བཅུ་གསུམ་པའི་ནང་དུ་སོག་པོའི་ཚོ་ཤོག་ཁག་གཅིག་གྱུར་བྱེད་མཁན་དང་། ཆེན་པོ་ཧོར་གྱི་བཙན་རྒྱལ་འཛུགས་མཁན་གྱི་མི་སྣ་གཙོ་བོ་ཡིན་པས་སོག་པོའི་མི་མང་གིས་ཇིང་གིར་རྒྱལ་པོ་མི་རིགས་ཀྱི་དཔའ་བོ་དང་མེས་པོ་དམ་པའི་ངོ་བོར་གུས་བཀུར་གྱི་ཡོད་ཅིང་། སོག་པོའི་མི་རིགས་ཀྱིས་མི་རབས་ནས་མི་རབས་བར་དུ་ཇིང་གིར་རྒྱལ་པོར་དུར་མཆོད་བྱེད་པའི་སྲོལ་ཡང་འཇགས། ཁོང་གི་དུར་སའི་ཚབ་དུ་འཛུགས་སྐྲུན་བྱས་ཡོད་པའི་དུར་མཆོད་བྱ་ཡུལ་ནི་ཉེ་སྔོན་ཇིང་གིར་རྒྱལ་པོའི་འདྲ་རིས་ལ་གཏོར་བཤིག་གཏོང་མཁན་ལོ་ན་༡༩་ཅན་གྱི་གཞོན་དེར་ཁྲིམས་ཐག་གཅོད་སའི་ཨྰོར་ཏོ་སི་གྲོང་ཁྱེར་གྱི་ནང་དུ་ཡོད་ཅིང་། ན་གཞོན་དེར་ཁྲིམས་ཐག་བཅད་པའི་རྐྱེན་གྱིས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་མི་རྣམས་ཀྱིས་བསམ་ཕྱོགས་མ་འདྲ་བའི་གླེང་སློང་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་དང་། མི་ཁ་ཤས་ཀྱིས་ན་གཞོན་དེས་ཇིང་གིར་རྒྱལ་པོའི་འདྲ་རིས་ལ་གཏོར་སྐྱོན་བཏང་བ་ནོར་འཁྲུལ་ཡིན་མོད། ཡིན་ནའང་ཁོ་པར་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་ཉེས་ཆད་ལྕི་དྲགས་པ་། འདུག འདི་ནི་ཁྲིམས་ཀྱི་འགྲོ་སྟངས་ལ་མི་མཐུན། ཁོ་པར་ཉེས་ཆད་བཅད་པ་ནང་སོག་གི་མི་རྣམས་ཁ་འགོག་པའི་ཆེད་དུ་ཡིན། མི་རིགས་མཐུན་སྒྲིལ་ལ་འགལ་རྐྱེན་ཆེན་པོ་འབྱུང་སྲིད་པར་སྔོན་འགོག་བྱེད་པའི་ཆེད་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ཡང་མི་ཁ་ཤས་ཀྱིས་སྐྱེ་བོ་གང་ཞིག་གིས་རྒྱ་ནག་གི་ཧན་དང་ཐང་། སུང་གི་སྐབས་ཀྱི་གོང་མ་མིང་གྲགས་ཅན་དང་། གཞན་ཡང་ཀྲུའུ་ཡོན་ཀྲང་སོགས་ཀྱི་པར་རིས་ལ་གཏོར་སྐྱོན་བཏང་བ་ཡིན་ན་གཞུང་གིས་མི་དེར་ཁྲིམས་ཐག་གཅོད་སྲིད་དམ་ཞེས་དོགས་འདྲི་བྱས་ཏེ། ན་གཞོན་དེར་ལུགས་མཐུན་མིན་པའི་ཉེས་ཆད་བཅད་པར་ཟུར་ཟ་བྱེད་ཀྱི་ཡོད་པ་མ་ཟད། སྔོན་ཆད་རྒྱ་ནག་གི་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་མི་ཞིག་གིས་མའོ་ཙེ་ཏུང་གི་འདྲ་པར་གྱི་སྟེང་དུ་མེ་མདའི་མགོ་བསྟན་པར་མི་དེར་གསར་བརྗེ་ངོ་ལོག་པའི་ཉེས་མིང་བཏགས་ནས་ལོ་༡༠་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་ལོ་རྒྱུས་རྙིང་པ་ལུང་དྲངས་ཏེ། ན་གཞོན་དེར་ཁྲིམས་ཐག་བཅད་པ་ལྕི་དྲགས་སོང་ཞེས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། ཡང་མི་སྐོར་ཞིག་གིས་ན་གཞོན་དེར་ཉེས་ཆད་བཅད་པ་ཁྲིམས་མཐུན་དང་ལུགས་མཐུན་མིན་ཞེས་བརྗོད་ཀྱི་ཡོད་པ་སྟེ། ཁོ་པས་ཇིང་གིར་རྒྱལ་པོའི་འདྲ་རིས་ལ་གཏོར་སྐྱོན་བཏང་བ་ནི་སོག་པོ་མི་དམངས་ཀྱི་དད་མོས་ལ་དམའ་འབེབས་བྱས་པ་ཞིག་པ་ཞིག་ཡིན། ཇིང་གིར་རྒྱལ་པོ་སོག་པོ་ཚོས་མེས་པོ་དམ་པའི་ངོ་བོར་མཆོད་བཀུར་བྱ་ས་དང་དད་མོས་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་། རྒྱ་ནག་གི་ཐང་དང་སུང་གི་གོང་མ་རིམ་པ་མཆོད་ཡུལ་དུ་གྱུར་མེད་པ་གཉིས་བསྡུར་ཐབས་མེད་ཅེས་རྩོད་པ་དྲག་པོ་བརྒྱབ་སྟེ། ཇིང་གིར་རྒྱལ་པོའི་འདྲ་རིས་ལ་གཏོང་བཤིག་བྱས་པ་དྲ་ལམ་གྱི་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད། ད་དུང་ཆེན་པོ་ཧོར་གྱི་རྒྱལ་ཁམས་དེ་ཉིད་རྒྱ་ནག་གི་ཡོན་རྒྱལ་རབས་ལ་བརྩིས་ན་འོས་མིན་ཐད་དུའང་ལོ་རྒྱུས་སྨྲ་བ་རྣམས་ལ་རྩོད་པ་ཆེན་པོ་ཡོད་ཅིང་། དེ་བཞིན་རྒྱ་ནག་གིས་ཀྱང་ཇིང་གིར་རྒྱལ་པོ་མི་རིགས་ཀྱི་དཔའ་བོ་ཆེན་པོ་ཞིག་ཡིན་ཞེས་ཁྱབ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་དབང་སྒྱུར་གྱི་གཡོ་ཐབས་ཞིག་རེད་ཅེས་སྐྱོན་ཕོག་གི་ཡོད་པ་རེད།།

XS
SM
MD
LG