ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨོ་གླིང་གི་ཆབ་སྲིད་ལ་རྒྱ་ནག་གིས་ཐེ་གཏོགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཟླ་བ་འདིའི་མགོ་སྟོད་དུ་ཨོ་གླིང་གི་སྲིད་བློན་གྱིས་ང་ཚོའི་ཆབ་སྲིད་དང་ཞིབ་འཇུག་ལས་ཁང་ཁག སློབ་ཆེན་ཁག་ལ་རྒྱ་ནག་གིས་ཐེ་གཏོགས་བྱེད་ཀྱི་ཡོད་པ་ཤུགས་ཆེ་རུ་འགྲོ་བཞིན་འདུག ཨོ་གླིང་གཞུང་གིས་བཅའ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ནས་སྲིད་དོན་ཚོགས་པ་ཁག་དང་གྲོས་ཚོགས་འཐུས་མི་ཚོར་ཕྱི་རྒྱལ་བའི་རོགས་དངུལ་ཞལ་འདེབས་སྤྲོད་མི་ཆོག་པ་དང་། ཨོ་གླིང་གི་ཆབ་སྲིད་ལ་རྒྱ་ནག་གིས་ཐེ་གཏོགས་བྱེད་མི་ཐུབ་པའི་བཅའ་ཁྲིམས་གསར་པ་གཏན་འབེབས་བྱ་རྒྱུ་ཡིན་ཞེས་གཏམ་བཤད་བྱས་ཏེ། ཕྱི་ཟླ་༡༢་ཚེས་༨་ཉིན་པེ་ཅིང་དུ་བཅའ་སྡོད་ཨོ་གླིང་གི་གཞུང་ཚབ་པ་ཇེན་ཨེ་ཌམ་སི་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་འབོད་འགུགས་བྱས་པ་དང་། རྒྱ་གཞུང་གི་འབྲེལ་ཡོད་ལས་སྣེ་ཚོས་ཨོ་གླིང་གི་སྲིད་བློན་གྱིས་རྒྱ་ནག་ལ་ཁུངས་ལུང་མེད་པའི་སྐྱོན་འཛུགས་བྱས་ན་དགེ་མཚན་མེད་ཅེས་ངོ་རྒོལ་བྱས་འདུག དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཀང་གིས་ང་ཚོས་ཨོ་གླིང་གི་གཞུང་ཚབ་པར་གནད་དོན་གལ་ཆེན་ཞིག་གི་ཐོག་ཏུ་གྲོས་མོལ་བྱས་པ་ཡིན། རྒྱ་ནག་གིས་ཨོ་གླིང་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་མེད་གསལ་བོར་ཤེས་དགོས་ངེས་ཡིན་ཞེས་བཤད་ཡོད་ཅིང་། བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གིས་ཨོ་གླིང་གི་སྐྱོན་འཛུགས་དེར་ངོས་ལེན་མེད། ཨོ་གླིང་གི་སྲིད་བློན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་རྐྱེན་མ་བསླངས་ན་ལེགས་ཞེས་དགག་པ་བརྒྱབ་ཡོད་པ་རེད། གཟའ་འཁོར་འདིར་ཨོ་གླིང་གི་ཁ་གཏད་ལས་རྩོལ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སམ་ཌ་སི་ཊི་རི་གྲོས་ཚོགས་འཐུས་མིའི་ལས་གནས་ནས་གནང་བ་ཞུས་ཏེ། ཁོ་པར་དངུལ་སྒོར་ཞལ་འདེབས་སྤྲོད་མཁན་ཧྭང་ཞང་མོ་ཞེས་པ་དེ་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པའི་མི་ཞིག་ཡིན་པས། ཨོ་གླིང་གཞུང་གིས་གྲོས་ཚོགས་འཐུས་མི་སམ་ཌ་སི་ཊི་རི་ལ་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། ཟླ་བ་སྔོན་མར་ཨོ་གླིང་གཞུང་གིས་ཕྱི་སྲིད་ཡིག་ཆ་དཀར་པོ་ཟེར་པའི་སྙན་ཐོ་བཏོན་ཏེ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ནས་ཞི་བདེ་རྒྱ་མཚོ་དང་རྒྱ་གར་རྒྱ་མཚོའི་བར་དུ་མངའ་ཁོངས་རྒྱ་སྐྱེད་གཏོང་གི་ཡོད་པར་སྐྱོན་བརྗོད་བྱས་འདུག རྒྱ་ནག་གིས་ཨ་མི་རི་ཀ་དང་ཨོ་གླིང་། ཉི་ཧོང་དང་རྒྱ་གར་བཅས་ཀྱིས་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་བྱ་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་དང་། ཟླ་བ་སྔོན་མར་ཨ་རི་དང་ཨོ་གླིང་། ཉི་ཧོང་དང་རྒྱ་གར་བཞིས་བདེ་འཇགས་སྲུང་སྐྱོབ་ཀྱི་གྲོས་མོལ་བྱས་ནས་རྒྱ་ནག་གི་སྟོབས་ཤུགས་ལ་ཁ་གཏད་གཅོག་ཐབས་བྱས་ཡོད། རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་ཉམས་ཞིབ་པ་ཝང་ཧན་ལིན་གྱིས་ཨོ་གླིང་གི་འགོ་ཁྲིད་ཚོ་རྒྱ་ནག་གི་སྟོབས་ཤུགས་ལ་འཇིགས་སྣང་བྱེད་ཀྱི་ཡོད་པར་རྒྱུས་ལེན་བྱེད་ཐུབ། རྒྱ་ནག་ཅི་ཙམ་སྟོབས་ཤུགས་རྒྱས་ན་ཨོ་གླིང་དང་ཨ་མི་རི་ཀའི་འབྲེལ་བ་དམ་ཟབ་འགྲོ་རྒྱུ་ཆོས་ཉིད་ཡིན་མོད། ཡིན་ནའང་ཨོ་གླིང་དཔལ་འབྱོར་གྱི་ཆ་ནས་རྒྱ་ནག་ལ་མ་བརྟེན་ཐབས་མེད་ཡིན། ལྟ་བའི་ཆ་ནས་ཨོ་གླིང་གིས་རྒྱ་ནག་དགྲ་ཟླར་འཛིན་པའི་འདུ་ཤེས་ཤིག་འཆང་ཡོད་ཅེས་བཤད་འདུག ཨོ་གླིང་ལ་བློ་འཚབ་ཡོང་དོན་གཙོ་བོ་ཞིག་ཨ་མི་རི་ཀས་སྔར་བཞིན་རྒྱལ་སྤྱིའི་བདེ་འཇགས་སྲུང་སྐྱོབ་ལ་གཙོ་འགན་དེ་ཙམ་ཁུར་གྱི་མེད་པ་དང་། སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀར་ཨང་དང་པོར་བཟུང་སྟེ། ཁོང་གིས་ཨ་མི་རི་ཀས་རྒྱལ་སྤྱིའི་ལས་དོན་སྣ་མང་ཞིག་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱས་ནས་བཟུང་། རྒྱ་ནག་གིས་རྒྱལ་སྤྱིའི་ལས་དོན་ཁག་ལ་གཙོ་འགན་ཁུར་གྱི་ཡོད་པ་དང་། ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་སོང་བར་བློ་བདེ་བོ་ཞིག་ཡོང་གི་མེད་པ་མ་ཟད། ཨོ་གླིང་སློབ་ཆེན་ཁག་ལ་རྒྱ་ནག་གི་ཁུང་ཧྥུ་ཙིའི་སློབ་གླིང་བཙུགས་ནས་རྒྱ་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་དང་། ཨོ་གླིང་གི་གྲོས་ཚོགས་འཐུས་མི་ཁག་དང་སྲིད་དོན་པ་ཚོར་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པའི་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཚོས་དཔལ་འབྱོར་གྱི་རོགས་རམ་སྤྲད་དེ། ཁོ་ཚོས་ཨོ་གླིང་གི་རྒྱལ་ཡོངས་གྲོས་ཚོགས་སུ་རྒྱ་ནག་ལ་གནོད་པའམ། ཡང་ན་ཕོག་ཐུག་འགྲོ་བའི་གྲོས་ཆོད་དང་སྲིད་ཇུས་གཏན་འབེབས་བྱེད་དུ་འཇུག་གི་མེད་པ་དང་། ཨོ་གླིང་རྒྱ་མི་རིགས་ཀྱི་ཡུལ་སྡེ་ཁག་གི་གསར་ཤོག་དང་བརྙན་འཕྲིན་སོགས་ལའང་རྒྱ་ནག་གི་གསར་འགྱུར་གྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་རེད།།

XS
SM
MD
LG