ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གི་དྲ་རྒྱའི་རང་དབང་ལ་དམ་དྲག་ཆེ་ཤོས་ཀྱི་ལོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་རྒྱ་ནག་ཏུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་ཁག་ཅིག་བཟང་བཙོན་དུ་བཅུག་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་པེ་ཅིང་ལ་ཕྱི་ལོགས་ནས་ཡོང་བའི་ལས་བཟོ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་ཁག་ཅིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་དང་ཁྲོམ་སྐོར་བྱས་ཡོད་པར་བརྟེན། ཉམས་ཞིབ་པ་ཚོས་དོན་རྐྱེན་དེ་དག་ལས་འཕྲོས་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལོ་རེ་ནས་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གིས་དྲ་རྒྱའི་བརྒྱུད་ལམ་གྱི་རང་དབང་ལ་དམ་དྲག་བྱ་རྒྱུ་སྔར་ལས་ཇེ་སྡུག་ཏུ་སོང་འདུག་ཅེས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ༢༠༡༧་ལོ་ནི་རྒྱ་ནག་གཞུང་གིས་དྲ་ལམ་གྱི་སྨྲ་བརྗོད་རང་དབང་ལ་དམ་དྲག་ཆེ་ཤོས་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་ཚོའི་དྲ་ཚིགས་སྒོ་བརྒྱབ་པ་མང་ཤོས་བྱུང་བའི་ལོ་ཞིག་ལ་ངོས་འཛིན་བྱས་འདུག འདས་པའི་ལོ་གཅིག་ལྷག་གི་རིང་ལ་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་དུ་གཉེར་བཞིན་པའི་དྲུག་བཞིའི་གནམ་དྲ་ཞེས་པའི་དྲ་ཚིགས་གཉེར་མཁན་ཧོང་ཆིས་དང། ཧུའུ་པེ་དམངས་དོན་ལྟ་ཞིབ་ཅེས་པའི་དྲ་ཚིགས་གཉེར་མཁན་ལིག་ཧྥས་ཡོ་དང་ཏིན་ལིན་ཅེ། ཀོང་ཏུང་གི་ལྕགས་རི་གཏོར་བྱེད་ཀྱི་དྲ་བ་དང་ཐོབ་ཐང་ལས་འགུལ་ཅེས་པའི་དྲ་ཚིགས་འགན་འཛིན་ཀྲིན་ཅང་ཧྭ་སོགས་དྲ་ལམ་གྱི་འགྲོ་བ་མིའི་ཐོབ་ཐང་དོན་དུ་གཉེར་པ་མང་པོ་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཅེས་པའི་ཚོགས་པ་དེའི་དྲུང་ཆེ་ཟུར་པ་དང་རྒྱ་སེ་མེ་ཏོག་གི་རྒྱ་ནག་ཅེས་པའི་འགྲོ་བ་མིའི་ཐོབ་ཐང་གི་དྲ་ཚིགས་སུ་འགྲོ་བ་མིའི་ཐོབ་ཐང་ལ་ཆེད་གཉེར་ཉམས་ཞིབ་གནང་མཁན་ཤུའི་ཆིན་གྱིས་ཁ་སང་གཟའ་ཟླ་བའི་ཉིན་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་དོན། ད་སྔ་རྒྱ་ནག་གི་འགྲོ་མིའི་ཐོབ་ཐང་དོན་གཉེར་བྱེད་མཁན་གྱི་དྲ་ཚིགས་གཙོ་བོ་ཁག་སྒོ་བརྒྱབ་ཡོད་པའི་སྟབས་ཀྱིས་མི་དམངས་ལ་དྲ་ལམ་བརྒྱུད་ནས་གཞུང་གི་མི་སྣ་སོགས་ཀྱི་རུལ་སུངས་ཐེར་འདོན་བྱེད་མཁན་དང་། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དོན་གཉེར་པའི་སྡེ། ཆབ་སྲིད་བཙོན་པ་སོགས་ལ་སྨྲ་བརྗོད་སྤེལ་སའི་གླེང་སྟེགས་མང་པོ་ཞིག་མུ་མཐུད་དུ་གཉེར་ཐུབ་ཀྱི་མེད། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དོན་དུ་གཉེར་བྱེད་པ་ཚོའི་དྲ་ཚིགས་མང་པོ་ཞིག་སྒོ་བརྒྱབ་ཡོད་པ་མ་ཟད། དྲ་ཚིགས་དོ་དམ་པ་ལའང་གཏོར་བརླག་མང་པོ་བྱེད་ཀྱི་ཡོད་ཅིང་། ང་ཚོ་དྲ་ཚིགས་དོ་དམ་པ་ཡིན་པའི་ཆ་ནས་བཙོན་འཇུག་བྱས་པ་སོགས་བྱུང་མེད། འོན་ཀྱང་གཞུང་འབྲེལ་དུས་ཆེན་སོགས་ཀྱི་སྐབས་སུ་རྟག་ཏུ་ང་ཚོའི་དྲ་ཚིགས་ལ་ཚོད་འཛིན་བྱེད་ཀྱི་ཡོད་པས་སྐབས་རེར་དྲ་ཚིགས་རྣམས་དྲ་ལམ་དུ་སྦྲེལ་པར་དཀའ་ངལ་ཆེན་པོ་འདུག ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་དྲ་རྒྱའི་གླེང་སྟེགས་ཁག་ལ་ཚོད་འཛིན་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ། མི་དམངས་ཀྱི་གཞི་རྩའི་སྨྲ་བརྗོད་རང་དབང་ལ་ཚད་བཀག་བྱས་པ་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྔོན་མ་ལས་ཇེ་སྡུག་ཏུ་འགྲོ་བཞིན་འདུག རྒྱ་ནག་གཞུང་གིས་བྱས་ཉེས་འདི་དག་ལ་འགན་འཁུར་ལེན་དགོས་པའི་ཉི་མ་ཞིག་ངེས་པར་དུ་འཆར་ངེས་རེད་ཅེས་བཤད་ཡོད། ད་དུ་ཁོ་མོས་མའོ་ཙེ་ཏུང་གིས་གང་དུ་གཉའ་གནོན་ཡོད་ན་དེ་ལ་ངོ་རྒོལ་འབྱུང་ཞེས་བཤད་པ་ལྟར་གཉའ་གནོན་ཅི་ཙམ་ཤུགས་ཆེ་ན་ངོ་རྒོལ་གྱི་ངར་ཤུགས་དེ་བས་ཀྱང་ཆེ་ཞེས་བཤད་པའི་གཏམ་བཤད་ལུང་འདྲེན་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་ལེགས་རྒྱས་སུ་གཏོང་བར་འཐབ་རྩོད་ཀྱི་ནུས་ཤུགས་འདོན་མཁན་དང་། སོ་སོའི་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་ནས་གོང་རིམ་ལ་ཞུ་གཏུག་བྱེད་མཁན་སོགས་ཀྱི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་སྣང་མེད་དང་རྡོག་རོལ་གཏོང་བཞིན་པར་མ་འོངས་པར་མཇུག་འབྲས་ངན་པ་སྨིན་སྲིད། དེ་དུས་མཇུག་འབྲས་ཡོད་ཚད་རྒྱ་ནག་གཞུང་གིས་འཁུར་དགོས་ཞེས་བཤད་འདུག རྒྱ་ནག་གཞུང་གིས་རང་ཡུལ་གྱི་དྲ་ཚིགས་ཁག་ལ་སྟངས་འཛིན་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་ཏུ་ཆབ་སྲིད་དང་འབྲེལ་བའི་ཚོགས་ཆེན་འཚོགས་བཞིན་པའི་སྐབས་དང་། དུས་ཆེན་སོགས་ཀྱི་སྐབས་སུ་སྐད་འཕྲིན་སོགས་དྲ་བའི་བརྒྱུད་ལམ་ཁག་ལའང་དམ་དྲག་ཤུགས་ཆེན་པོ་བྱེད་ཀྱི་ཡོད་ཅིང་། དེ་བཞིན་མི་སྒེར་པ་སོ་སོའི་སྐད་འཕྲིན་ནང་དུའང་རྒྱ་ནག་གི་འགོ་ཁྲིད་ཚོ་དང་འབྲེལ་བ་ཡོད་པའི་གཏམ་བརྗོད་འདྲ་མིན་རིགས་སྤེལ་ན་འགོ་ཁྲིད་ལ་དམའ་འབེབས་བྱས་པའི་ཉེས་མིང་བཏགས་ནས་འཛིན་བཟུང་བྱེད་པ་དང་། དེང་སྐབས་རྒྱ་ནག་གཞུང་གིས་དྲ་བའི་ལག་རྩལ་བརྒྱུད་ནས་མི་རྣམས་ཀྱི་སྨྲ་བརྗོད་རང་དབང་ལ་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད་པས། སྐྱེ་བོ་སྒེར་གྱི་གཏམ་བརྗོད་ཀྱང་གང་བྱུང་སྤེལ་རྒྱུར་མི་རྣམས་དོགས་པ་དང་འཚེར་སྣང་གི་ངང་དུ་ལུས་ཡོད། སྤྱིར་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་གི་སྐབས་སུ་གསང་ཉུལ་དངོས་སུ་མངགས་ནས་མི་དམངས་ཀྱི་ཁྲོད་དུ་གནས་ཚུལ་རྒྱུས་ལོན་བྱས་པ་དང་། མཐར་གཏམ་བརྗོད་ཁྲིམས་མཐུན་ཡིན་མིན་གྱིས་ངལ་རྩོལ་སྒྱུར་བཀོད་བཙོན་རར་གཏོང་བ་དང་སྲོག་ཁྲིམས་གཅོད་པ་སོགས་བྱུང་ཡོད། དེང་སྐབས་ཚན་རིག་ལག་རྩལ་གྱི་སྟངས་འཛིན་འོག་ཏུ་ལས་སླ་བོའི་ངང་དུ་མི་རྣམས་ཀྱི་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་ཐུབ་ཀྱི་ཡོད་པས་སྔོན་ཆད་མའོ་ཙེ་ཏུང་གི་སྐབས་ལས་ཀྱང་རྒྱ་ནག་གི་སྨྲ་བརྗོད་རང་དབང་གི་གནས་སྟངས་ཇེ་སྡུག་ཕྱིན་ཡོད་པའི་ངོས་འཛིན་བྱས་འདུག

XS
SM
MD
LG